མཱ་ཝའེ་ཞིང་ཆེན་ཡོངས་ཀྱི་དམས་ཆེན་ཁྲིམས་འཛུགས་བྱ་བའི་ལས་སྒྲུབ་མི་སྣའི་གསོ་སྦྱོང་སྟེང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ཁྲིམས་འཛུགས་སྡེ་ཁག་གི་ལས་སྒྲུབ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འགོ་བརྩམས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་མཱ་ཝའེ་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།

མཱ་ཝའེ་ཡིས་ནན་གྱིས་བསྟན་དོན། གསོ་སྦྱོང་བྱས་པ་བརྒྱུད་དེ་ཁྲིམས་འཛུགས་ཀྱི་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཅིག་ནས་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་སུ་གཏོང་དགོས། ཏང་ཀྲུང་དབྱང་གིས་ཁྲིམས་འཛུགས་བྱ་བའི་བླང་བྱ་དང་བཀོད་སྒྲིག་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་ཁྲིམས་སྲོལ་སྒྲིག་སྲོལ་དུ་བསྒྱུར་ནས་ས་གནས་བཅོས་སྐྱོང་གི་ནུས་ཤུགས་མཐོ་རུ་གཏོང་དགོས། གཉིས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་མཐོར་འདེགས་དང་། ཕྱོགས་བསྡུས་བསམ་བློ་དང་། རྩོད་སྒྲུབ་བསམ་བློ། སྤྱི་ཡོངས་ཞབས་ཞུའི་འདུ་ཤེས་དང་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱིས་སྤྱི་ཡོངས་གཏན་འཇགས་ལ་ཞབས་འདེགས་ཞུ་དགོས། གསུམ་ནས་ཚན་རིག་ལྟར་དམངས་གཙོའི་ཁྲིམས་བསྟར་ཁྲིམས་འཛུགས་བྱེད་པའི་ནུས་ཤུགས་མཐོ་རུ་གཏོང་དགོས། མ་ལག་བསམ་བློ་དང་ཁྲིམས་སྐྱོང་བསམ་བློ་ཤུགས་དྲག་ཏུ་བཏང་ནས། ཁྲིམས་འཛུགས་བྱ་བའི་སྤྱི་ཁོག་གཏན་སྲོལ་དང་བྱ་དངོས་ཀྱི་ནང་རྐྱེན་འབྲེལ་བ་དམ་འཛིན་བྱེད་པ་དང་། ཁྱད་ལྡན་ཁྲིམས་འཛུགས་ཞིབ་ཚགས་ལ་སྐུལ་འདེད་བྱེད་པ་དང་། ཁྲིམས་འཛུགས་ཀྱི་དངོས་ཕན་མཐོར་འདེགས་སུ་གཏོང་དགོས། བཞི་ནས་ཕྱོགས་བསྡུས་ནུས་ཤུགས་མཐོར་འདེགས་དང་། ཤེས་བྱའི་གསོག་འཇོག་དང་གསར་གཏོད་འདུ་ཤེས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བཏང་ནས། ཁྲིམས་འཛུགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་དགོས། ལྔ་ནས་ཁྲིམས་འཛུགས་ཀྱི་ལག་ལེན་ནུས་ཤུགས་མཐོ་རུ་གཏོང་དགོས། བརྗེ་རེས་ལ་ཤུགས་བསྣོན་དང་། སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ། ཁྲིམས་འཛུགས་བྱ་བ་དུས་བསྟུན་བབ་བསྐྱོད་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།