ཡའོ་ཆེ་གེ་མོ་སོགས་མི་བཅུ་གཅིག་གི་ངན་ཤུགས་ཉེས་གསོག་གྱོད་གཞིའི་ཞིབ་གཅོད་གཉིས་པའི་བཅད་ཁྲ་ཁྱབ་སྒྲོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས15ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡའོ་ག་གེ་མོ་སོགས་མི་བཅུ་གཅིག་གི་ངན་ཤུགས་ཉེས་གསོག་གྱོད་གཞིའི་ཞིབ་གཅོད་གཉིས་པའི་བཅད་ཁྲ་ཡོངས་ཁྱབ་ཁྱབ་སྒྲོག་བྱས་པ་དང་། ཁྲིམས་ལྟར་གོང་གཏུག་ཕྱིར་སློག་བྱས་ཏེ་ཐོག་མའི་བཅད་ཁྲིམས་སོར་བཞག་བྱ་རྒྱུའི་བཀའ་བཅད་བཏང་

ཞིབ་གཅོད་དང་པོའི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་ལྟར་ན། 2011ལོ་ནས2019ལོ་བར་ལ། ཞུ་སྦྱོར་ཕྱི་མ་ཡའོ་མིང་བ་དང་ཐའོ་མིང་བ། ཡའོ་ཆེ་གེ་མོ་བཅས་ཀྱིས་མི་སྒེར་རམ་ཡང་ན་མཚོ་ལྷོ་ཁུལ་ཡུང་ཆཱང་གྲངས་ཉུང་དངུལ་བུན་ཚད་ཡོད་ཀུང་སིའི་མིང་ཐོག་ནས་སྤྱི་ཚོགས་ཐོག་དམིགས་བསལ་མིན་པའི་མི་སྣར་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས། དེའི་རིང་ཞུ་སྦྱོར་ཕྱི་མ་ཡའོ་མིང་བས་ཁྲིམས་འགལ་གྱིས་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཞུ་སྦྱོར་ཕྱི་མ་ཐའོ་མིང་བ་དང་ཧྲིན་མང་བ། མ་ཆེ་གེ་མོ། ཡའོ་ཆེ་གེ་མོ། ཧྲ་ཆེ་གེ་མོ། མའོ་ཆེ་གེ་མོ། ཞའོ་ཆེ་གེ་མོ་སོགས་བསྡུ་རུབ་བྱས་ཏེ། ཁྲིམས་འགལ་གྱིས་བསྡུ་ལེན་བྱས་པའི་མང་ཚོགས་ཀྱི་བཅོལ་དངུལ་དེ་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་རྣམ་པ་བརྒྱུད་ནས། “གཡོ་ཐབས་ཀྱིས་དངུལ་བུན་གཏོང་བའི”ཉེས་གསོག་བྱས། བུ་ལོན་ལེན་པའི་ཆེད་དུ། དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་མགོ་སྐོར་གཏོང་བ་དང་། བསྙོན་དཀྲིས་བཙན་ལེན་བྱེད་པ། བསམ་བཞིན་རྨས་སྐྱོན་གཏོང་བ། གཏུག་བཤེར་རྫུན་མ་བྱེད་པ་སོགས་ཀྱི་ཉེས་གསོག་བྱེད་སྒོ་སྤེལ་ཏེ་ཞུ་སྦྱོར་ཕྱི་མ་ཡའོ་ཆེ་གེ་མོ་ཉེས་ཅན་གཏེ་པོར་གྱུར། ཞུ་སྦྱོར་ཕྱི་མ་ཐའོ་ཆེ་གེ་མོ་དང་། ཧྲེན་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་ཁོངས་མི་གཙོ་བོ་ཡིན་པ་དང་། ཞུ་སྦྱོར་ཕྱི་མ་ཡའོ་མིང་བ་དང་། ཧྲ་མིང་བ། མའོ་མིང་བ། ཞའོ་མིང་བ་བཅས་ཁོངས་མི་སྤྱིར་བཏང་བ་ཡིན་པའི་སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ་དེས། ཁྲི་ཀ་རྫོང་དང་དེའི་མཐའ་སྐོར་དུ་བྱ་ངན་སྤྱོད་ངན་དང་མི་སེར་ལ་བརྙས་བཅོས་གཉའ་གནོན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ཚབས་ཆེན་དུ་དཀྲུགས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས།

ད་ལོའི་ཟླ7ཚེས30ཉིན། མང་རྫོང་མི་དམངས་ཁྲིམས་ཁང་གིས་ཉེས་དོན་དཔྱད་སྡོམ་བཏང་བ་དང་། ཡའོ་ཆེ་གེ་མོ་སོགས་མི་བཅུ་གཅིག་གིས་ཁྲིམས་འགལ་གྱིས་མང་ཚོགས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་བྱས་ཉེས་དང་། མགོ་སྐོར་བའི་བྱས་ཉེས། ཟ་བསྙད་ཧམ་ཁྱེར་བྱས་པའི་བྱས་ཉེས། བསམ་བཞིན་དུ་མིར་རྨས་སྐྱོན་བཏང་བའི་བྱས་ཉེས། གཏུག་བཤེར་རྫུན་མ་བྱས་པའི་བྱས་ཉེས་བཅས་ལ་ངོས་འཛིན་བྱས་ཏེ། སོ་སོར་ཁྲིམས་ལྟར་ལོ18ནས་ལོ1བར་གྱི་དུས་ཡུན་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་ཅིང་དངུལ་ཆད་ཀྱང་བཅད། དུས་མཚུངས་སུ་ཞུ་སྦྱོར་ཕྱི་མས་གནོད་འཚེ་ཕོག་མཁན་ལ་ཁྲིམས་འགལ་ངང་བསྡུས་པའི་བཅོལ་དངུལ་ཕྱིར་སློག་བྱེད་དགོས་པར་མ་ཟད། དཔལ་འབྱོར་གྱི་གྱོང་གུན་ཡང་གསབ་དགོས་པའི་ཁྲིམས་ཐག་བཅད་པ་རེད། ཞིབ་གཅོད་དང་པོའི་བཅད་ཁྲ་ཁྱབ་སྒྲོག་བྱས་རྗེས། ཐའོ་ཆེ་གེ་མོ་དང་ཧྲེན་ཆེ་གེ་མོ། མཱ་ཆེ་གེ་མོ། ཀྲའོ་ཆེ་གེ་མོ་བཅས་ཀྱིས་ལོ་དེའི་དཔྱད་ཁྲིམས་ཁས་མ་བླངས་པར་གོང་གཏུག་བྱས།

མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། གོང་གཏུག་བྱེད་མཁན་ཐའོ་ཆེ་གེ་མོ་དང་། ཧྲེན་ཆེ་གེ་མོ། མཱ་ཆེ་གེ་མོ། ཀྲའོ་ཆེ་གེ་མོ་བཅས་ཀྱིས་གོང་གཏུག་གི་རྒྱུ་མཚན་ཚང་མ་ཚུགས་མི་ཐུབ་པར་འདོད། ཐོག་མའི་ཞིབ་གཅོད་ཀྱི་དཔྱད་ཁྲིམས་ནང་ཉེས་གསོག་དོན་དངོས་ཁ་གསལ་ཡིན་པ་དང་། དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་བར་ཡོད་པ། བྱས་ཉེས་གཏན་འཁེལ་ཡང་དག་ཡིན་པ། ཁྲིམས་འགེལ་འོས་ཤིང་འཚམ་པ། འདྲི་གཅོད་གོ་རིམ་ཁྲིམས་མཐུན་ཡིན་པས། ཁྲིམས་ལྟར་གོང་གཏུག་ཕྱིར་སློག་བྱས་ཏེ་ཐོག་མའི་དཔྱད་ཁྲིམས་སོར་བཞག་བྱས་པའི་བཀའ་བཅད་བཏང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།