དུས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་གྱི་རིག་གནས་གནས་སྐོར་ཚོང་ར་སླར་གསོ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་མགོ་བརྩམས་པའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་གནས་སྐོར་ཚོང་རའི་དགོས་མཁོ་དང་། རིག་གནས་གནས་སྐོར་ཚོང་ར་སླར་གསོ་བྱུང་ཞིང་། ཟླ10བའི་ཚེས1ཉིན་ནས་ཚེས་8ཉིན་བར། ཞིང་ཆེན་ཡོངས་སུ་རྒྱལ་ནང་གནས་སྐོར་བ་མི་ཐེངས་ཁྲི315.6སྣེ་ལེན་བྱས་པ་དང་། དུས་མཉམ་ལས་བརྒྱ་ཆའི84.6%སླར་གསོ་བྱུང་བ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར་19མངོན་འགྱུར་བྱུང་སྟེ། དུས་མཉམ་ལས་བརྒྱ་ཆའི55.2སླར་གསོ་བྱུང་།

ད་ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ། གནས་སྐོར་བའི་དགོས་མཁོ་དང་ཡིད་ཆེས་བརྟན་ཞིང་། ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་ཚོང་རར་གསོན་ཤུགས་བསྣོན་ཆེད། ས་གནས་སོ་སོའི་རིག་གནས་གནས་སྐོར་བྱ་འགུལ་མང་པོས་འཛད་སྤྱོད་པའི་དགོས་མཁོ་བསྐངས། དུས་ཆེན་གྱི་སྐབས་སུ། ཚྭ་འདམ་གཞོང་མར་གད་མཚེའུ་རུ་གནས་སྐོར་བ་མི་ཐེངས་ཁྲི13.1དང་། བུའུ་སུའུ་ཐི་ས་གཤིས་མཛེས་ལྗོངས་ཁུལ་དུ་གནས་སྐོར་བ་མི་ཐེངས་ཁྲི3.3སྣེ་ལེན་བྱས་ཤིང་། མཚོ་སྔོན་གྱི་དྲ་ཐོག་ཏུ་མཚན་སྙན་ཆེ་ཤོས་སུ་གྱུར་ཡོད་ལ། ཞིན་ཧྭ་ལེན་རོལ་རྩེད་གླིང་དུ་གནས་སྐོར་བ་མི་ཐེངས་ཁྲི་5.7སྣེ་ལེན་བྱས་པ་དང་། ན་གཞོན་གནས་སྐོར་བས་དགའ་བསུ་ཐོབ་པའི་ལྗོངས་ཁུལ་དུ་གྱུར།

དུས་ཆེན་གཉིས་ཀྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་འབྲེལ་ཏེ་རིག་གནས་གནས་སྐོར་བརྗོད་དོན་བྱ་འགུལ་མང་དུ་སྤེལ་ཞིང་། དཔེ་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་། རིག་གནས་ཁང་སོགས་སྤྱི་བའི་རིག་གནས་ཁང་གོ་རིམ་ལྡན་པའི་ངང་སྒོ་ཕྱེས་ཤིང་། དུས་ཆེན་གྱི་མཁའ་དབུགས་སྟུག་པོས་ཁྱབ། ཚ་རྔ་འགག་ལྗོངས་ཁུལ་དུ་རོལ་མོའི་འདུ་ཚོགས་བྱ་འགུལ་སྤེལ་ནས་རིག་གནས་གནས་སྐོར་མཉམ་འདྲེས་ཀྱི་མིག་གི་དགའ་སྟོན་ལོངས་སུ་སྤྱོད་པར་བྱས།

དུས་ཆེན་གྱི་སྐབས་སུ། མིན་ཡོན་ཞན་མུས་ནགས་ར་དང་ཧུའུ་ཀྲུའུ་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ལམ་དུ། རླངས་འཁོར་མང་པོས་གྲལ་སྒྲིག་ཡོད། མཚོ་སྔོན་ཧུའུ་ཀྲུའུ་ནགས་ཚལ་སྤྱི་གླིང་དང་། ཚྭ་ཁའི་ཚྭ་མཚོ། མཚོ་སྔོན་པོ་སོགས་གནས་སྐོར་ལྗོངས་ཁུལ་ལ་གནས་སྐོར་བ་མང་པོས་དགའ་བསུ་ཐོབ། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་དུ་གནས་སྐོར་ལ་ཡོང་མཁན་བཅུ་ཆའི་བརྒྱད་ཡན་ནི་རང་གིས་རླངས་འཁོར་བསྐོར་ནས་ཡོང་བ་དག་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།