རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ10པའི་ཚེས1ཉིན་ནས་ཚེས་8ཉིན་བར། ཞིང་ཆེན་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་སྡེ་ཁག་གིས་ཁྱོན་ཉེན་བརྡ50བཏང་བ་དང་། དེའི་ནང་མེ་སྐྱོན28དང་བབ་བསྟུན་རོགས་སྐྱོབ་ཉེན་བརྡའི་གནས་ཚུལ22བཅས་ཡོད་པ་རེད། མེ་གསོད་རོགས་སྐྱོབ་བཀོད་འཐབ་པ502དང་། མེ་གསོད་རླངས་འཁོར109།  ཉེན་གྱར་མི་སྣ་སྐྱོབ་མཁན76བཅས་ཕྱིར་བསྐྱོད་བྱས་ཤིང་། མེ་སྐྱོན་བྱུང་ཚད་ན་ནིང་གི་དུས་མཚུངས་ལས15.15%ཡིས་མར་ཆག་ཡོད་ལ། རྒྱུ་ནོར་གྱི་གྱོང་གུན་ཐེབས་ཚད21.24%ཡིས་མར་ཆག་པ་དང་། ཉེན་སེལ་རོགས་སྐྱོབ་ཀྱི་ཉེན་བབ10%འཕར་ཡོད། དུས་ཆེན་གྱི་སྐབས། ཞིང་ཆེན་ཡོངས་སུ་མི་འཆི་བ་སོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་མེ་སྐྱོན་བྱུང་བའི་གནས་ཚུལ་མེད་པ་དང་མེ་ཟོན་བདེ་འཇགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་བྱུང་ཡོད།

གུང་གསེང་སྐབས་དུས་ཚིགས་བརྗེ་བ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་སླ་བའི་དོན་དངོས་ལ་དམིགས་ནས། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བརྟག་ཞིབ་བརྡར་གཅོད་དང་སྔོན་བརྡ་གཏོང་བ། གནད་སྨིན་བཀོད་སྒྲིག ཕན་འབྲས་ཆེན་པོ་ཐོན་པ་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་བསྒྲུབས་ཏེ། རིམ་པ་བཞིའི་འགོ་གཙོ་ཚང་མ་ལས་གནས་སུ་ལས་རེས་དང་། སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཉིང་ལག་རུ་ཁག་རིམ་པ་གཉིས་ཀྱི་ལས་སྒྲུབ་བཀོད་འདོམས་པུའུ་ཡི་དངོས་གཞི་ཅན་གྱི་འཁོར་སྐྱོད། རིམ་པ་ཁག་གི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ཕྱོགས་ཡོངས་ནས་བབ་བསྟུན་རྣམ་པས་གྲ་སྒྲིག་བྱས་ཤིང་། དར་རྒྱས་ཆེ་བའི་ཚོང་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། བཟོ་ལས་གླིང་ཁུལ་སོགས་གཙོ་གནད་ཁུལ་དུ་གནས་སྐབས་ལས་སྒྲུབ་ས་ཚིགས12བཙུགས་པ་མ་ཟད། ཕྱིར་བསྐྱོད་རླངས་འཁོར12དང་ལས་སྒྲུབ་མི་སྣ57མངགས་ཏེ་མེ་ཟོན་བདེ་འཇགས་ལ་ནོར་འཛོལ་གཏན་ནས་མི་འབྱུང་བར་འགན་ལེན་བྱས། ཉིང་ལག་རུ་ཁག་གི་སྤྱི་ཁྱབ་ལས་སྒྲུབ་བཀོད་འདོམས་པུའུ་ཡིས་སྣེ་ཁྲིད་དེ་ནང་སྦྱོང་སྒྲིག་འཛུགས་བྱས་ལ། ཉིང་ལག་རུ་ཁག་དང་རུ་ཆེན་གྱི་བཀོད་འདོམས་པའི་དངོས་འཐབ་བཀོད་འདོམས་ནུས་པ་གསོ་སྦྱོང་དང་དེ་བཞིན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་མེ་གསོད་རོགས་སྐྱོབ་གྲ་སྒྲིག་ལ་ཆེད་དོན་བརྟག་ཞིབ་བྱས་ནས་ས་ཡོམ་དང་། གངས་འཁྱག རྡོ་སྣུམ་རྫས་འགྱུར་བཟོ་བཅས་དང་དེ་བཞིན་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བབ་བསྟུན་རོགས་སྐྱོབ་ཀྱི་གྲ་སྒྲིག་རྒྱུན་རྣམ་ཅན་དུ་འགྱུར་བ་དང་། མ་ལག་ཅན་གྱི་བབ་བསྟུན་རོགས་སྐྱོབ་དམག་འཐབ་བཀོད་འདོམས་སྟོབས་ཤུགས་འཛུགས་སྐྱོང་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དམག་འཐབ་སྦྱོང་བརྡར་གྱི་“ལྡོག་མེད་བྱེད་ཐབས་བཅུ་”གཏན་འབེབས་དངོས་སུ་བཏོན་ནས། “ཉེན་བརྡ་གཅིག་དང་དྲན་སྐུལ་གཅིག”གི་ལམ་ལུགས་ལག་བསྟར་ནན་མོས་བབ་བསྟུན་རོགས་སྐྱོབ་ཀྱི་ལས་འཛོལ་སྣ་ཚོགས་འབྱུང་སྐབས། འཕྲལ་དུ་ཚན་རིག་དང་མཐུན་ཞིང་བདེ་འཇགས་དང་ལས་ཆོད་ཆེ་བའི་སྒོ་ནས་ཐག་གཅོད་བྱེད་ཐུབ་པ་བྱས།

 དུས་མཚུངས་སུ། ས་གནས་ཁག་གི་མེ་ཟོན་རོགས་སྐྱོབ་སྡེ་ཁག་གིས་མེ་ཟོན་བདེ་འཇགས་དོ་དམ་པ་དང་། མེ་ཟོན་ཚོད་འཛིན་ཁང་གི་ལས་རེས་མི་སྣ། མེ་ཟོན་ས་ཚིགས་ཆུང་གྲས་ཀྱི་མི་སྣ་བཅས་གཙོ་གནད་དུ་བཟུང་སྟེ། མེ་ཟོན་བདེ་འཇགས་གསོ་སྦྱོང་དང་མེ་གསོད་ཁ་འགྲེམས་སྲོག་ཉེན་ལས་ཐར་ཐབས་ཀྱི་གསོ་སྦྱོང་དང་། ད་དུང་བརྙན་འཕྲིན་དང་རླུང་འཕྲིན། སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་བརྒྱུད། གཙོ་གནད་ལས་ཁུངས་དང་། སྡེ་ཁུལ། ཁྲོམ་ལམ། ཡུལ་སྐོར་མཛེས་ལྗོངས་ཁུལ། མི་མང་འདུ་གནས་དང་དམིགས་ཚད་མི་ཚོགས་བཅས་ལ་ཁ་གཏད་རང་བཞིན་གྱི་མེ་ཟོན་བདེ་འཇགས་དྲན་སྐུལ་དྲིལ་བསྒྲགས་བྱས་པ་དང་། རིམ་རྩིས་བྱས་ན་མེ་ཟོན་སྤྱི་ཕན་བརྡ་ཁྱབ་དང་བདེ་འཇགས་དྲན་སྐུལ་གྱི་ཉེན་བརྡའི་ཆ་འཕྲིན་ཐེངས་ཁྲི39ཁྱབ་བསྒྲགས་བྱས་ནས། མང་ཚོགས་ཀྱི་རང་འགོག་རང་སྐྱོབ་ནུས་པ་དང་སྡེ་ཁག་གི་མེ་གསོད་མེ་འགོག་གི་བདེ་སྲུང་དོ་དམ་ཆུ་ཚད་དུས་གཅིག་ཏུ་མཐོ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།