མཚོ་སྔོན་ཤར་ཁུལ་གྱི་མདོ་ལ་རིང་མོའི་ཤར་རྒྱུད་དུ་གསའ་ཐོག་མར་པར་ལེན་ཐུབ་པ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་གི་གསའ་ཚན་ཞིབ་ཚོགས་པས་རྒྱལ་སྟོན་གྱི་ཉིན་མོར། མདོ་ལ་རིང་མོའི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བྱང་རི་ནགས་རར་གསའ་མ་བུས་རྩེད་འཇོར་རོལ་བའི་གཟུགས་བརྙན་ཐོག་མར་པར་ལེན་ཐུབ་པ་བྱུང་ཡོད། ཚོགས་པ་དེའི་འགན་འཁུར་བས་འདི་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པར་བརྗོད།

ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པའམ་འབུམ་རམས་པ་ལན་ཤིན་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཟླ7པར་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་ཧུའུ་ཀྲུའུ་རྫོང་པེ་ཧྲན་ནགས་རས་ཐུན་མོང་ཐོག་པེ་ཧྲན་ནགས་རའི་རི་སྐྱེས་སྲོག་ཆགས་དམར་ཕྱིའི་པར་ཆས་བརྟག་དཔྱད་ལས་དོན་སྤེལ་ཏེ། ཁྱོན་བསྡོམས་དམར་ཕྱིའི་པར་ཆས24བཙུགས་ཡོད། ཟླ10པའི་ཚེས1ཉིན། ཁོང་གི་ཚོགས་པས་ཧུའུ་ཀྲུའུ་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ལང་ཧྲི་ཏང་མཛེས་ལྗོངས་ཁུལ་གྱི་རི་ཁུག་ཏུ་དམར་ཕྱིའི་པར་ཆས་ཀྱི་གསོག་འཇོག་གཱ་དང་གློག་རྫས་བརྗེ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་དམར་ཕྱིའི་པར་ཆས་དེས་ཟླ9ཚེས4ཉིན་གསའ་མ་བུ་གཉིས་ཀྱི་བརྙན་ཟིན་ཐོར་བཀོད་ཡོད་པ་མཐོང་།

“འདི་ནི་དངོས་གནས་དགའ་འོས་པ་ཞིག་རེདཅེས་ལན་ཤིན་མིང་གིས་བཤད་རྒྱུར། ས་འདི་ཧུའུ་ཀྲུའུ་རྫོང་མཁར་དང་བར་ཐག་སྤྱི་ལེ33ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ55ལས་མེད། ཤེས་རྟོགས་འདིའི་སྟེང་ནས་གསའ་ཁྱབ་ཚུལ་དེ་མདོ་ལ་རིང་མོའི་ཤར་རྒྱུད་དུ་སྣུར་སྲིང་བྱས་པ་མཚོན་གྱི་ཡོད་ལ། གསའ་ཁྱབ་ཁུལ་གྱི་ཟིན་ཐོ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། མཚོ་སྔོན་ཤར་རྒྱུད་དུ་གསའ་ཡི་གཟུགས་བརྙན་དངོས་ཐོག་མར་ཟིན་ཐོར་བཀོད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།

ངོ་སྤྲོད་བྱས་པ་ལྟར་ན། ས་གནས་དེ་གར་དེ་སྔ་གསའ་ཡོད་པ་འདྲ་མོད། འོན་ཀྱང་བདེན་དཔང་གཏན་ནས་རྙེད་མ་མྱོང་ཟེར།

གསའ་ནི་རི་མཐོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་ཞིག་ཡིན་པས། ཨེ་ཤ་ཡའི་དཀྱིལ་དབུས་ཀྱི་རི་མཐོའི་གངས་ཐིག་གི་ཉེ་འདབས་སུ་འགུལ་སྐྱོད་བྱེད་ཅིང་། བྲག་ལ་འཛེག་པར་བྱང་ཆ་ལྡན་ལ། འགུལ་སྐྱོད་བྱེད་པ་ཧ་ཅང་ཉུང་བས། “གངས་རིའི་རྒྱལ་པོ”ཞེས་འབོད་ཀྱིན་ཡོད། ལན་ཤིན་མིང་ཚོགས་པས་འདོན་སྤྲོད་བྱས་པའི་བརྙན་རིས་ལས་མཐོང་བ་ལྟར་ན། གསའ་ཞིག་གིས་གསའ་ཕྲུག་ཞིག་ཁྲིད་ནས་བརྙན་མིག་གི་མདུན་དུ་མ་བུ་གཉིས་རྩེད་མོ་རྩེ་བཞིན་ཡོད་པ་རེད།

དགའ་འོས་པ་ནི་གསའ་ཡོད་པ་ཤེས་རྟོགས་བྱུང་བ་ལས་གཞན། ཐེངས་འདིའི་བརྟག་དཔྱད་ནང་ད་དུང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་ཁྲ་རིས་དང་། གླ་བ། དེ་བཞིན་ཁྲུང་ཁྲུང་མཇུག་ཁྲ་ཅན་དང་བྱ་གག་དམར་པོ་བཅས་ཟིན་ཐོར་བཀོད་པ་མ་ཟད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཤྭ་བ་དང་ཨོག་དཀར། ཐང་རྒོད་བྱི་ལ། བྱ་དེ་སྔོན་པོ། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱི་སྲུང་སྐྱོང་སྲོག་ཆགས་ཝ་དམར་དང་ཤིས་པོ་ལི་ཡ་གནའ་སོགས་བརྙན་མིག་ཟིན་ཐོར་བཀོད་ཐུབ་པ་བྱུང་།

ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། སྐྱེ་དངོས་སྣ་མང་རང་བཞིན་ཐད་ནས་བཤད་ན། རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གཞི་ལག་བསྟར་བྱས་རྗེས། ཧུའུ་ཀྲུའུ་ནགས་རའི་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད། ལང་ཧྲི་ཏང་མཛེས་ལྗོངས་ཁུལ་གྱི་སྨད་དུ་ནགས་ཚལ་ཡོད་པ་དང་། སྟོད་དུ་རྩྭ་ཐང་དང་སྤང་ལྗོངས། རི་མཐོའི་གྲམ་ཐང་ཡོད། སྐྱེ་ཁམས་མ་ལག་གི་རིགས་སྣ་ཕུན་སུམ་ཚོགས་པའི་རྐྱེན་གྱིས་ཕུན་སུམ་ཚོགས་པའི་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་གསོ་སྐྱོང་བྱས་ཡོད་པར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།