མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་རིགས6གི་ཁྱབ་ཁོངས་ཀྱི་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་ལ་ཆད་གཅོད་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྣེ་ཁྲིད་འོག   མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།  མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཉིང་ལག་དངུལ་ཁང་སོགས་སྡེ་ཁག35(ལས་ཁུངས)ཡིས་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང(ཆེད་ཁེ)ཁྱབ་ཁོངས་ཀྱི་ཁ་དན་ཚིག་ལ་མ་གནས་པའི་ཆད་གཅོད་ཀྱི་མཉམ་ལས་དྲན་ཐོ》འགྲེམས་སྤེལ་བྱས་ཤིང་།  ཤེས་བྱའི་ཐོན་དངོས་བདག་དབང(ཆེད་ཁེ)ཁྱབ་ཁོངས་ཀྱི་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་ཚབས་ཆེན་རིགས6ལ་ཆད་གཅོད་བྱ་རྒྱུ་རེད།

《དྲན་ཐོའི》ནང་མཉམ་འབྲེལ་ཆད་གཅོད་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་དང་།  ཤེས་བྱའི་ཐོན་དངོས་བདག་དབང(ཆེད་ཁེ)ཁྱབ་ཁོངས་ཀྱི་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་ཚབས་ཆེན་རིགས6ལ་དམིགས་ནས་སྡེ་ཁག་ལས་བརྒལ་བའི་མཉམ་སྒྲུབ་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཆད་གཅོད་བྱ་རྒྱུ་མ་ཟད།  ཁ་དན་ཚིག་ལ་མ་གནས་པའི་ཆ་འཕྲིན་མཉམ་སྤྱོད་བྱེད་སྟངས་དང་ཆད་གཅོད་ལག་བསྟར་བྱེད་སྟངས་ལ་ཚོད་འཛིན་ནན་མོ་བྱས་ཡོད།  ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་དུས་བཀག་ལྟར་དྲན་ཐོའི་སྟེང་མིང་རྟགས་འགོད་མཁན་གྱི་སྡེ་ཁག(ལས་ཁུངས)གཞན་དག་ལ་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོ་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན་པ་མ་ཟད།  “ཡིད་རྟོན་ཀྲུང་གོ(མཚོ་སྔོན)”དྲ་ཚིགས་དང་།  རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག(མཚོ་སྔོན)སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  བྱེད་ཐབས་འདིའི་ཤེས་བྱའི་ཐོན་དབང(ཆེད་ཁེ)ཁྱབ་ཁོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  ཁ་དན་ཚིག་ལ་མ་གནས་པའི་མཉམ་འབྲེལ་ཆད་གཅོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།  དྲང་མཉམ་གྱི་འགྲན་རྩོད་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བའི་ཚོང་རའི་ཚོང་གཉེར་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།