ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས24ཉིན། གསར་འགོད་པས་མཚོ་བྱང་ཁུལ་གྱི་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ་རེད། ནུས་ཤུགས་ཡོད་རྒུས་ཐོན་ལས་སྟོབས་ལྡན་དུ་གཏོང་བ་དང་སྐྱེ་ཁམས་མཛེས་སྡུག་ལྡན་པ། གྲོང་གསེབ་དར་རྒྱས། གྲོང་གསེབ་ཀྱི་དམངས་སྲོལ་བཟང་བ། མང་ཚོགས་ཕྱུག་འགྱུར་བཅས་ཀྱི་དཔེ་མཚོན་གསར་པ་བཏོད་དེ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་བརྟན་བརླིང་ངང་ཇེ་མཐོར་བཏང་ཡོད།
2018ལོར་གྲོང་གསེབ་ཀྱི་དར་རྒྱས་ཐབས་ཇུས་ལག་བསྟར་བྱས་པ་ནས་བཟུང་། མཚོ་བྱང་ཁུལ་གྱི་སྲིད་འཛིན་སྡེ་བ21དེ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་དཔེ་ལེགས་སྡེ་བར་ཚོད་ལྟ་བྱས་ནས། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར5.32བསྡུས་པ་དང་། རིམ་རྩིས་ལྟར་ན་རྣམ་གྲངས348ལག་བསྟར་བྱས་པ་རེད། ད་ལོར་བསྡུ་སྒྲིག་བྱས་པའི་མ་དངུལ་སྒོར་ཁྲི3658ཡོད་པ་དང་ལག་བསྟར་བྱས་པའི་རྣམ་གྲངས107ཡོད་པ་རེད།
འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རྒྱུན་མཐུད་ངང་སྤེལ་ཏེ“གཙང་སེལ་གསུམ་དང་ལེགས་བཅོས་གཅིག རྙོག་འཛིང་དྲུག་བཅོས་སྒྲིག་བྱེད་པ”གཙོ་གནད་དུ་བཟུང་བ་དང་། ཁུལ་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.98བསྡུས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་བྱེད་ས་དང་། སྤྱོད་ཁང་གསར་སྐྲུན། གྲོང་གསེབ་ཀྱི་རྣམ་པ་མཐོར་འདེགས་སུ་གཏོང་བ། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བཅས་བྱས་པ་རེད། ཁུལ་ཡོངས་ཀྱི་གཙང་བོ་དང་མཚེའུ་ཡི་འགོ་གཙོ386དང་གཙང་བོ་དང་མཚེའུ་ཡི་བདག་སྐྱོང་བ404ཡིས་དུས་བཀག་ལྟར་ཁུལ་ཡོངས་ཀྱི་གཙང་པོ་དང་འཐུང་ཆུའི་ཆུ་འགོ་ཁུལ་དུ་སྐོར་ཞིབ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་པ་རེད། གྲོང་ཚོ26ལ་ཞིང་ཆེན་ཡོངས་ཀྱི་གཙང་སྦྲའི་གྲོང་ཚོའི་སྐུལ་ལྕག་མ་དངུལ་ཐོབ་པ་དང་། གད་སྙིགས་གཙང་སེལ་བྱེད་ཚད90%ཟིན་ལ། ཞིང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་འདུ་ཤེས་སྔར་ལས་མཐོ་རུ་ཕྱིན་ཏེ། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་ཐོབ་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་བྱང་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་དང་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བ།