མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་སྐོར་གྱི་གཏན་འབེབས》པར་འགྲེམ་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)པར་འགྲེམ་བྱས་པ་རེད།

《གཏན་འབེབས》ལས་བསྟན་དོན། མཚོ་སྔོན་དུ་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བྱས་ཡོད་པས། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱིས་བསྡུར་ཚད་མཐོ་ཤོས་ཟིན་པའི་ཞིང་ཆེན་དང་མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་ཞིང་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བོད་ལྗོངས་བརྟན་ལྷིང་དང་ཞིན་ཅང་བརྟན་འཇགས་ཀྱི་འཐབ་ཇུས་གནད་ས་དང་རྒྱལ་ཡོངས་མི་རིགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཀྱང་ཡིན། མཚོ་སྔོན་གྱི་མི་རིགས་ཁག་ནི་ཁྲག་རྒྱུན་གཅིག་ཏུ་འབྲེལ་ཞིང་། དཔལ་འབྱོར་གཅིག་ལ་གཅིག་རྟེན། རིག་གནས་ཕན་ཚུན་མཉམ་འདྲེས། གཅིག་རོགས་གཅིག་གིས་བྱེད་པས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་དང་མཐུན་སྒྲིལ་གཅིག་གྱུར་གྱི་བསྡུས་གཟུགས་ཤིག་ཏུ་གྱུར་ཡོད། མི་རིགས་མཐུན་སྒྲིལ་ནི་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་མཚོ་སྔོན་དུ་མི་རིགས་ལས་དོན་མ་གཉེར་ན་སྤྱི་ཡོངས་དོན་གཉེར་བྱེད་མི་ཐུབ། དེ་བས་རང་རེའི་ཞིང་ཆེན་གྱི་མི་རིགས་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་གཏོང་བའི་ཁྱོན་ཡོངས་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྤྱི་ཡོངས་བཅས་དང་འབྲེལ་བ་དམ་པོ་ཡོད།

《གཏན་འབེབས》ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན། ཞིང་ཆེན་གྱི་གནས་ཚུལ་དམིགས་བསལ་ལ་རྐང་འཛུགས་པ་དང་འགན་འཁྲི་དམིགས་བསལ་འཁུར་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གསར་འཛུགས་དང་། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་རྣམ་པ”ནུས་ཤུགས་ཡོད་རྒུས་བཏོད། རྒྱལ་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་དང་ཁུལ་ཚང་མ་རྒྱལ་ཡོངས་ཀྱི་དཔེ་སྟོན་ཞིང་ཆེན་དུ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དང་། གྲོང་ཁྱེར། ས་ཁུལ་བཅས་ཀྱི་གྲངས་འབོར་ཕྱེད་ཀ་ལས་བརྒལ་བའི་ཞིང་ཆེན་དུ་གྱུར་པ། རྒྱལ་ཡོངས་ཀྱི་དཔེ་བཟང་མཉམ་སྡེབ་རྫོང་དང་། གྲོང་ཁྱེར། ས་ཁུལ་བཅས་སུ་སྐབས་གཅིག་ལ་བྱ་དགའ་ཐོབ་མཁན་མང་ཤོས་ཡིན་པ་བཅས་མངོན་འགྱུར་བྱུང་བ་རེད། “ལོ་གསུམ་ནང་རྨང་གཞི་བརྟན་པོ་འདིང་བ་དང་། ལོ་བརྒྱད་ནང་སྔོན་ཐོན་གཏོད་རྒྱུའི”འབད་འཐབ་ཀྱི་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་བཏོད་ཡོད།

《གཏན་འབེབས》ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཅིང་། སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་རྒྱའི་ཐག་གཅོད་བྱས་ཏེ། དེ་ཉིད“དཔེ་སྟོན་ཞིང་ཆེན་ལྔ”ཡི་འཛུགས་སྐྲུན་གྲས་སུ་བཞག་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུའི་འགན་ལེན་བྱས་ཡོད།

《གཏན་འབེབས》ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་སྒོ་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལས་དོན་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།