རྒྱལ་ཁབ་ཀྱིས2020ལོའི་མཚོ་སྔོན་གྱི་ཕྱུགས་བསྐྱུར་རྩྭ་གསོའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་བརྩོན་ལེན་འོག ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བསྐྱུར་རྩྭ་གསོ་བཟོ་སྐྲུན་གྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བརྒྱད་བཀོད་སྒྲིག་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཆི་ལེན་རི་བོ་ས་ཁུལ་གྱི་རྩྭ་ས་སྤྱི་ཆིང་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔར་ར་བསྐོར་བ་དང་། སྤྱི་ཆིང་འབུམ་གཅིག་དང་ཁྲི་གཉིས་ལ་ཁུལ་བགོས་ནས་རེས་འཁོར་ཕྱུགས་འཚོ་བྱེད་པ། ཞན་འགྱུར་རྩྭ་ས་སྤྱི་ཆིང་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་བདུན་བརྒྱ་ལེགས་སྒྱུར་བྱེད་པ། རྩྭ་ས་སྤྱི་ཆིང་གསུམ་ལ་རྩྭ་འདེབ་པ། ས་ནག་ཐང་སྤྱི་ཆིང་འབུམ་གཅིག་དང་སྟོང་བདུན་ལ་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཐད་བཀོལ་རྒྱུ་རེད།

ཕྱུགས་བསྐྱར་རྩྭ་གསོ་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྩྭ་སའི་ཐོན་སྐྱེད་ནུས་ཤུགས་སླར་གསོ་བྱེད་པ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ། འབྲོག་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཡིན། 2003ལོའི་ཚུན་དུ། རང་ཞིང་གིས་སྐྱེ་ཁམས་གཙོར་འཛིན་པ་དང་། གཅིག་གྱུར་འཆར་འགོད་ཀྱི་རྩ་དོན་ལྟར། རང་བྱུང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བྱས་ཏེ། བཟོ་སྐྲུན་ལག་བསྟར་བརྟན་བརླིང་ངང་སྤེལ། 2019ལོའི་བར་དུ། བསྡོམས་པས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་བྱེ་བ་དགུ་ས་ཡ་གཉིས་བརྩོན་ལེན་བྱས་པ་དང་། བསྡོམས་པས་རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བརྒྱད་སྟོང་བདུན་ལ་ར་བསྐོར་བ་དང་། རྩྭ་ས་སྤྱི་ཆིང་ས་ཡ་གཉིས་དང་འབུམ་བདུན་ཁྲི་གསུམ་ལ་རྩྭ་བཏབ་ལ། རྩྭ་ས་སྤྱི་ཆིང་ཁྲི་ལྔ་དང་སྟོང་གཅིག་ལ་གཟན་རྩྭ་བཏབ། ཁྱིམ་ཚང་ཁྲི་བརྒྱད་དང་སྟོང་གསུམ་ལྔ་བརྒྱར་ཕྱུགས་ར་བསྐོར་བ་དང་། ས་ནག་ཐང་སྤྱི་ཆིང་ཁྲི་བརྒྱད་དང་སྟོང་ལྔར་བཅོས་སྐྱོང་བྱས་ལ། དུག་གནོད་ཐེབས་པའི་རྩྭ་ས་སྤྱི་ཆིང་ཁྲི་གཉིས་དང་སྟོང་དྲུག་བཅོས་སྐྱོང་བྱས།

གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ། མིག་སྔར་རང་ཞིང་གི་ལས་གཞི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཞན་འགྱུར་དང་བྱེ་འགྱུར་རྩྭ་སའི་རང་སྟེང་གི་སླར་གསོ་ནུས་པ་ཇེ་དྲག་ཏུ་སོང་ནས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ངན་འགྱུར་གྱི་གནས་བབ་ལ་བཀག་འགོག་བྱས་པ་དང་། དེ་དང་མཉམ་དུ་རོང་འབྲོག་མང་ཚོགས་ལ་རོགས་བྱས་ནས་ཕྱུགས་ལས་ཐོན་སྐྱེད་རྣམ་པ་བསྒྱུར་བ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་སའི་ཕྱུགས་ལས་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་ལེགས་བསྒྱུར་བྱས་ལ། རྩྭ་སའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་མངོན་འགྱུར་བྱས་པ་དང་། རྩྭ་ས་ཇེ་ཆེར་གཏོང་བ་དང་ཆུ་ཇེ་མང་དུ་གཏོང་བ། ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།