ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཟླ་བཅུ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་ཏེ་ནན་གྱིས་བསྟན་དོན། ཉེན་མེད་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཞིབ་ཕྲའི་ལྷུ་ཚིགས་དང་ལྷུ་ཚིགས་ཞན་སར་དམ་པོར་དམིགས་འཛུགས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩིས་བཤེར་བཅོས་སྒྲིག་དོན་ལྡན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་འགོག་ཟོན་བྱས་མཐར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཟེར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཞིབ་བཤེར་བྱ་བར་ཞུགས།

ཞིན་ཁྲང་ཞིན་གྱིས་བསྟན་དོན། “དུས་ཆེན་གཉིས”ཀྱི་གུང་གསེང་མཇུག་རྫོགས་ལ་ཉེ་བ་དང་།  ཕྱིར་ལོག་བཞིན་པའི་རླངས་འཁོར་རིམ་བཞིན་ཇེ་མང་དུ་ཕྱིན་ནས། དེ་ལ་རྐྱེན་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་འབྱུང་སླ།  ཚད་མཐའི་བསམ་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་རླངས་འཁོར་དང་གཙོ་གནད་ལམ་གྱི་རིམ་པ་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་ནས། འགྲོ་ལམ་སྐྱེལ་འདྲེན་ཞབས་ཞུ་དང་བདེ་འཇགས་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ཧུར་བརྩོན་ཆེན་པོས་ཁ་གཏད་ཧུར་ཐག་འཇལ་དགོས། གནམ་གཤིས་འགྱུར་ལྡོག་དང་ཕྱིར་ལོག་མང་བའི་རྒྱུག་ཚད་འགྱུར་ལྡོག་གནས་སྟངས་ལ་སྔ་མོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་དུས་ཐོག་ཏུ་བྱེད་ཐབས་ནུས་ལྡན་སྤྱད་དེ།  མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཁྲོམ་ར་ནི་མི་མང་འདུ་འཛོམས་བྱ་ཡུལ་ཞིག་ཡིན་པས་། དེའི་བདེ་འཇགས་ཀྱི་འགན་འཁྲི་ཧ་ཅང་ལྕི། སྐུ་མགྲོན་དང་ཚོང་གཉེར་བའི་བདེ་འཇགས་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། ཞིབ་ཕྲའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས། བདེ་འཇགས་སྒྲིག་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ནན་མོ་བྱས་ནས། མེ་སྐྱོན་སོགས་མངོན་མེད་རྐྱེན་ངན་ལ་རྒྱུན་གཏན་གྱི་རྩིས་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་སྡོམ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོས་ཏེ། དོན་རྐྱེན་མ་བྱུང་གོང་ནས་སྔོན་འགོག་ཐུབ་པ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།