མཚོ་སྔོན་ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་དུས་ཆེན་གཉིས་ཀྱི་མེ་གསོད་བདེ་འཇགས་ལ་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མེ་གསོད་བདེ་འཇགས་ཆེད་དོན་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་མེ་སྐྱོན་ཚོད་འགོག་གནས་བབ་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་ཆེད། ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཤུགས་ཡོད་བྱེད་ཐབས་སྤྱོད་པ་དང་། མེ་གསོད་བདེ་འཇགས་འགོག་སྲུང་བརྟན་པོ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་དགོས།

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་གསོད་མྱུར་སྐྱོབ་སྡེ་ཁག་གིས་དུས་ཆེན་གཉིས་དང་སྟོན་དགུན་དུས་ཀྱི་ཚོད་འགོད་གནས་བབ་གསར་བ་དང་ཁྱད་ཆོས་གསར་བ། རེ་བ་གསར་བ་དང་ཟུང་འབྲེལ་བྱས་པ་དང་། མེ་གསོད་བདེ་འཇགས་ཆེད་དོན་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་དམིགས་འབེན་ལས་འགན་ཚད་གཞི་རུ་བྱས་ལ། མེ་གསོད་བདེ་འཇགས་ཆེད་དོན་ཞིབ་བཤེར་འགུལ་སྐྱོད་སྤེལ་ནས། འབྲེལ་ཡོད་ལས་རིགས་ཆེད་བསྐོས་སྡེ་ཁག་དང་མཉམ་དུ་ཚོང་ར་དང་གནས་སྐོར་ལྗོངས་རྒྱུ། བཟའ་བཏུང་རྩེད་འཇོ། འགྲིམ་འགྲུལ་ལྟེ་གནས། དངོས་སྐྱེལ་ཉར་གསོག རྡོ་སྣུམ་རྫས་འགྱུར་བཟོ་ལས། འབྲུ་མཛོད་སོགས་ཡུལ་གནས་གཙོ་བོའི་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྡེ་ཁག་གིས་མེ་གསོད་འཕྲལ་བསྟུན་ཇུས་གཞི་གཏན་འབེབས་བྱེད་པར་སྐུལ་འདེད་བཏང་ལ། མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་དང་སྲུང་སྐྱོབ་བྱས་པ་དང་། ལས་རེས་སྐོར་ཞིབ་སྟོབས་ཤུགས་ལག་བསྟར་བྱས་ནས། དུས་ཆེན་སྐབས་སུ་མེ་སྐྱོན་འབྱུང་བར་བཀག་འགོག་ནན་མོ་བྱེད་དགོས། རྙེད་པའི་མེ་སྐྱོན་ཉེན་ཁ་དང་ཁྲིམས་འགལ་སྤྱོད་ཚུལ་ལ་ཁ་གཏད་དེ། ཁྲིམས་འཛིན་མི་སྣས་ཉེན་བརྡ་གཏོང་བ་དང་གཅིག་བསྡུས་ཕྱིར་བསྒྲགས། དག་བཅོས་བྱེད་དུ་འཇུག་པ་སོགས་རྣམ་པ་མང་པོ་སྤྱད་ནས། ཉེན་ཁར་ཞིབ་འཇུག་དབྱེ་འབྱེད་བཟང་བོ་བྱས་པ་དང་། འགོག་སྲུང་བྱེད་ཐབས་བཟང་བོ་བྱས་ལ། ཐག་གཅོད་ནན་མོ་བྱས་པ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་མིག་སྔའི་མེ་གསོད་བདེ་འཇགས་བྱ་བར་དམ་འཛིན་བྱས་ལ། རྩ་བའི་སྟེང་ནས་དོན་རྐྱེན་ཉེན་ཁ་མེད་པར་བཟོས་ཏེ། དུས་ཆེན་སྐབས་ཀྱི་མེ་གསོད་བདེ་འཇགས་ལ་འགན་སྲུང་བྱས་པ་དང་། གཏན་འཇགས་དྲུག་གི་བྱ་བ་དང་འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པའི་ཐད་བྱས་རྗེས་བཞག །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།