ཞིན་ཁྲང་ཞིང་གིས་རྒྱལ་སྟོན་དང་ཟླ་མཆོན་དུས་ཆེན་སྐབས་སུ་ལས་རེས་གཏན་སྲུང་བྱེད་པའི་མི་སྣར་འཚམས་འདྲི་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་སྲུང་སྐྱོབ་ཁང་། དེ་མིན་སྲིད་འཛིན་ཁང་གི་ལས་རེས་གཏན་སྲུང་བྱེད་པའི་མི་སྣར་འཚམས་འདྲི་ཞུས་པ་དང་། དུས་ཆེན་སྐབས་སུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལས་རེས་གཏན་སྲུང་བྱེད་པའི་གནས་ཚུལ་ལ་འཐེན་ཞིབ་བྱས་པ་མ་ཟད། ཁོ་ཚོ་བརྒྱུད་དེ་ཞིང་ཆེན་ཡོངས་སུ་ལས་རེས་གཏན་སྲུང་བྱེད་པའི་མི་སྣར་དུས་ཆེན་གྱི་སྨོན་འདུན་བཟང་བོ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་འཚམས་འདྲི་བྱེད་པའི་བྱ་འགུལ་ལ་ཞུགས།

ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དུ་ཞིན་ཁྲང་ཞིང་གིས་ཟི་ལིང་དང་མགོ་ལོག མཚོ་ནུབ་སོགས་ས་ཁུལ་དང་དེ་མིན་འཕྲལ་སྒྲུབ་དོ་དམ་དང་རིག་གནས་སྐོར། འཕྲོད་བསྟེན་བདེ་ཐང་སོགས་ལས་ཁུངས་ཀྱི་ལས་རེས་གཏན་སྲུང་གནས་ཚུལ་འཐེན་ཞིབ་བྱས། ཁོས་བཤད་དོན། ད་ལོར་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གཉིས་མཉམ་དུ་འཕྲད་ཡོད་པ་དང་། དེ་དང་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཁྲོད་དུ་སྔར་བཞིན་ཉེན་ཁ་དང་འགྲན་རྩོད་གནས་ཡོད་པས། ངེས་པར་དུ་མང་ཚོགས་ལ་དུས་ཆེན་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད་ང་ཚོས་ལས་གནས་གཏན་སྲུང་བྱས་ཏེ། དུས་ཐོག་ཏུ་དུས་ཆེན་སྐབས་ཀྱི་སྤྱི་ཚོགས་གནས་བབ་དང་དམངས་དོན་ལ་རྒྱུས་ལོན་ཟབ་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་གནས་སྐོར་བས་བདེ་འཇགས་དང་སྤྲོ་སྐྱིད། འཆམ་མཐུན་བཅས་ཀྱི་དུས་ཆེན་ཞིག་རོལ་ཐུབ་པ་འགན་སྲུང་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ད་དུང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་སྲུང་སྐྱོབ་ཁང་དང་སྲིད་འཛིན་ཁང་གི་ལས་བྱེད་མི་སྣར་འཚམས་འདྲི་ཞུས་པ་དང་དུས་ཆེན་གྱི་སྨོན་འདུན་བཟང་བོ་ཞུས་པར་མ་ཟད། ཚང་མས་བྱ་བ་དང་འཚོ་བར་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བཟང་བོ་བྱེད་པ་དང་། སྔོན་ཆད་དང་འདྲ་བར་རང་རང་གི་འགན་འཁྲིའི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་པའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།