རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ། 

དབུལ་ཐར་འགག་སྒྲོལ་དམག་འཐབ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་འགག་རྩའི་དུས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བཏོད་པའི་སྐུལ་སློང་ཚོགས་འདུའམ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་འཚོགས། འདིར་ཚོགས་ཆེན་འཚོགས་པ་དང་། གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཚོགས་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།  མ་ཟད་མཚོ་སྔོན་གྱི་མི་རིགས་ལས་དོན་འཐབ་ཕྱོགས་སུ་དཀའ་སྤྱད་ལས་སྒྲུབ་བྱེད་པའི་བློ་མཐུན་རྣམ་པ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ལས་རིགས་སོ་སོའི་མི་སྣ། མཐོ་སྒང་དུ་རྒྱུན་མཐུད་འབད་འཐབ་བྱེད་མཁན་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་མི་དང་བཀོད་འདོམས་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་དང་ཟོལ་མེད་ཀྱི་འཚམས་འདྲི་ཞུ། 

མཚོ་སྔོན་ནི་མི་རིགས་སོ་སོ་འགྲོ་འོང་འབྲེལ་འདྲིས་དང་མཉམ་འདྲེས་ཀྱི་ས་གནས་འགངས་ཆེན་ཞིག་ཡིན་ལ་མི་རིགས་ལས་དོན་གྱི་ཞིང་ཆེན་གལ་ཆེན་ཞིག་ཀྱང་ཡིན། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་ཐོག་སློབ་སྦྱོང་དང་མཉམ་ལས་བྱས་ཤིང་སྤུན་གྲོགས་ཀྱི་བརྩེ་བ་ཟབ་མོས་ཕན་ཚུན་རོགས་རེས་བྱས་ནས་སེ་འབྲུ་ལྟར་ཕན་ཚུན་ལ་དམ་པོར་འབྲེལ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་“ཏན་ཏན་ཏིག་ཏིག་བཞི་”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དང་ལས་འགན་ལ་གཞི་བཙུགས་ཏེ་མི་རིགས་མཐུན་སྒྲིལ་དེ་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་ནན་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད”པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ལ་རྩ་ཆེའི་ཉམས་མྱོང་བསགས་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་དུ་མི་རིགས་ལས་དོན་མ་བསྒྲུབས་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ”ཅེས་གསུངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས“མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས”ཞེས་གསུངས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ཟབ་མོ་གནང་བ་རེད། ང་ཚོའི་རེ་འདུན་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“འདུ་ཤེས་བཞི་”ཆེར་གཏོང་དང་“གདེང་ཚོད་བཞི་”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་ཅིང་རྒྱུན་སྲིང་ངང་སྤེལ་ཏེ་མི་རིགས་སོ་སོའི་བར་འགྲོ་འོང་འབྲེལ་འདྲིས་དང་མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཕན་པའི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས།

མཐར། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བཏོད་པའི་སྐུལ་སློང་ཚོགས་འདུ་འམ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།  མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ། །

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། 

2020ལོའི་ཟླ9པའི་ཚེས22ཉིན། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།