ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ( གསར་འགོད་པ། བདེ་ལེགས་མཚོ། རིག་ལྡན་རྒྱ་མཚོ།) ཟླ9བའི་ཚེས28ཉིན་ཀྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དང་གཙག་དྲུབ་ལག་རྩལ་འགྲན་བསྡུར་དང་འགྲེམས་སྟོན་མཇུག་སྒྲིལ་བ་དང་། གསར་འགོད་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཛེས་རྩལ་ཁང་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི“མི་རིགས་མཐུན་སྒྲིལ་ཡར་སྐུལ” དང“ གཙག་དྲུབ” ལག་རྩལ་འགྲན་བསྡུར་དང་འགྲེམས་སྟོན་ཆེན་མོའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས།
རྒྱུས་ལོན་པ་ལྟར་ན། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་པ་མཛེས་རྩལ་ཁང་དུ་ཕེབས་ནས་གཟིགས་ཞིབ་དང་མཛུབ་སྟོན་གནང་ཞིང་། ཁུལ་དང་རྫོང་རིམ་པའི་མགོ་ཁྲིད་པ་ཡང་ཡུལ་དངོས་སུ་ཕེབས་ཏེ། རང་གི་ས་གནས་ཀྱི་འགྲེམ་སྟོན་ལ་ཞུགས་མཁན་དང་འགྲན་བསྡུར་ལ་ཞུགས་པའི་རྩ་འཛུགས་སོ་སོར་བཀོད་སྒྲིག་དང་མཛུབ་སྟོན་གནང་།
མཚོ་ལྷོའི་ཚབ་མཚོན་འགྲེམས་ཞུགས་ལས་ཁུངས་སུ་མང་རྫོང་ནོར་དཀར་ཕྱུགས་ལས་ཆེད་ལས་མཉམ་ཁང་དང་། འབའ་རྫོང་ཨ་མདོའི་སྒྲ་སྙན་ལག་བཟོས་རོལ་ཆས་ཚད་ཡོད་འགན་ལེན་ཀུང་ཟི། ར་བཞིའི་བོད་ཁྱིམ་ནས་ཆང་བསིལ་མ། མཚོ་ལྷོ་ཁུལ་ཨ་མདོའི་བོད་ཀྱི་རྒྱན་གོས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་། བྲག་དཀར་རྫོང་རྒྱ་མཚོ་དངུལ་ཆ་བཅས་ཡོད་པ་དང་། ས་གནས་སོ་སོ་ནས་ཐོན་པའི་ཞིང་ཆེན་དང་ཁུལ་རིམ་པའི་ཁེ་ལས་གྲགས་ཅན་གྱི་ཐོན་རྫས་སྣ་ཚོགས་ཐེངས་འདིའི་འགྲན་བསྡུར་དང་འགྲེམ་སྟོན་ལ་ཞུགས་ཏེ། ཉིན་གསུམ་རིང་ལ་འགྲེམས་སྟོན་བྱས་པ་དང་། འཛད་སྤྱོད་པ་མང་པོའི་གདེངས་འཇོག་ཐོབ། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དང་གཙག་དྲུབ་ལག་རྩལ་འགྲན་བསྡུར་དང་འགྲེམས་སྟོན་མཇུག་སྒྲིལ།