མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས27ཉིན། མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་ཉེར་བཞི་པ་བརྙན་ལམ་ནས་འཚོགས་ཏེ། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། རིམས་ནད་འགོག་སྡོམ་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྟོན་དགུན་དུས་ཀྱི་རིམས་ནད་འགོག་སྡོམ་གྱི་གཙོ་གནད་ལས་དོན་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་གྱི་ཧྲིན་ཀྲང་ངམ་ཞིང་ཆེན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ཞིན་ཁྲང་ཞིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་། ཧྲིན་ཀྲང་གཞོན་པའམ་བཀོད་འདོམས་དཔོན་གཞོན་པ་ཁོང་ཡུང་གིས་བྱེ་བྲག་ཏུ་བཀོད་སྒྲིག་མཛད། 

ཚོགས་ཐོག་ནས་བསྟན་དོན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་ཁྱབ་པ་དང་། རྒྱལ་ནང་དུ་སིལ་བུར་འབྱུང་བའི་ནད་དཔེ་དང་ཆ་ཤས་སུ་གློ་བུར་མཆེད་པའི་རིམས་ནད་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད། སྟོན་དགུན་དུས་ཀྱི་པྲོག་གསར་གློ་ཚད་དང་ཆམ་རིམས་སོགས་དབུགས་ལམ་གྱི་ནད་རིགས་མཉམ་དུ་འདྲེས་པ་དང་། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་འབྱུང་འགོག་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ། ས་གནས་ཁག་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། ཡུན་རིང་འགོག་བཅོས་དང་ཡུན་རིང་འགོག་སྡོམ་གྱི་བསམ་བློ་བརྟན་པོར་བཙུགས་ཏེ་བག་མེད་ལྷོད་གཡེང་གི་བསམ་བློ་དང་། འགོག་སྡོམ་ལ་སུན་སྣང་། སྟེས་དབང་གི་བསམ་ཚུལ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་གསོད་མཐའ་གཅིག་ཏུ་བྱེད་པ། འགོག་སྡོམ་བྱེད་ཐབས་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། ཞན་ཆ་གསབ་པ་དང་སྟོང་ཆ་བསྐང་བར་ཤུགས་རྒྱག་པ། སྤྱི་ཡོངས་ཀྱི་་འཕྲལ་བསྟུན་ཐག་གཅོད་བྱེད་ནུས་སྔར་བས་ཆེ་རུ་བཏང་ནས་ཐོབ་དཀའ་བའི་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་གཏན་ནས་མེད་པར་བཟོ་མི་རུང་ཞེས་བསྟན།

གྲོས་ཚོགས་ཐོག་ནན་གྱིས་གསུང་དོན། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་འབྱུང་འགོག་པའི་ལས་དོན་ཁག་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས“སྔ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། མི་སྣ་མཉམ་བཤེར་མཉམ་འགོག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ། “ཕྱི་ནས་ནང་མཆེད་འགོག་པའི”འགོག་སྲུང་འཛིང་རགས་བརྟན་པོ་ཞིག་འདིང་དགོས། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་འཛུགས་སྐྱོང་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས་ཤིང་། རིམ་པ་སོ་སོའི་བཀོད་འདོམས་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་འཁུར་ནས་དུས་བཀག་ལྟར་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ལྟ་ཞིབ་ཚད་ལེན་ཉེན་བརྡ་དང་། ཉིང་རྡུལ་ལྟ་ཞིབ་ཚད་ལེན། སྨན་བཅོས་རོགས་སྐྱོབ། འཕྲལ་བསྟུན་ཐག་གཅོད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།