གུང་ཧོ་གཤོང་སའི་བྱེ་འགྱུར་འགོ་ཁུངས་ཀྱི་ལྗང་མདོག་གི་ལྕགས་རི་རིང་པོ་སྟེ་ཀུན་དགའ་སྡེ་བའི་བྱེ་འགོག་ཕྱུག་སྒྱུར་ཐད་ཀྱི་གྲུབ་འབྲས་ཆེན་པོ།

ཀུན་དགའ་མཚོ་མཐའ་སྐོར་གྱི་བྱེ་འགོག་ནགས་ཚལ་གྱི་བརྙན་ཐུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ། རིག་འཛིན་ཚེ་རིང་།)ཟླ9བའི་ཚེས18ཉིན། གསར་འགོད་པ་ཐང་སྐར་མ་གྲོང་རྡལ་ཀུན་དགའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོ་སོགས་ཀྱིས་སྣེ་ཁྲིད་དེ།  ཀུན་དགའ་སྡེ་བའི་བྱེ་འགོག་ནགས་བསྐྲུན་ཡུལ་དངོས་ལ་སོང་ནས་ཆེད་དོན་བཅར་འདྲི་བྱས།

f628341f2e0b4d6ee6aea6fd92ff4c6.jpg

བྱེ་འགོག་ནགས་ཚལ།

ཀུན་དགའ་སྡེ་བ་ནི་གུང་ཧོ་གཤོང་སའི་བྱེ་ཐང་གི་འགོ་ཁུངས་ས་ཁུལ་དུ་གཏོགས།  གུང་ཧོ་གཤོས་ས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ལྟེ་བ་ཡིན་པའི་གཤོང་ས་ཡིན་ཞིང་།  མདོ་ལ་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཀྱི་བར་མཚམས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.38ལྷག་ཡོད། རྨ་ཆུ་སྔོན་མོར་ཡང་གཤོང་ས་དེའི་ལྟེ་བ་ས་ཁུལ་གྱི་སྒོར་གཟུགས་ཕྱེད་མའི་དབྱིབས་ཅན་གྱི་མངའ་ཁོངས་སུ་སྤྱི་ལེ400ལྷག་གི་བཞུར་རྒྱུན་ཡོད།  བཞུར་རྒྱུན་དེའི་རྒྱ་ཁྱོན་གྱིས་རྨ་ཆུའི་འགོ་ཁུངས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི10.5%ལྷག་ཟིན། ཀུན་དགའ་སྡེ་བ་ནི་སྔོན་ཆད་གུང་ཧོ་གཤོང་སའི་བྱེ་རླུང་གི་འགོ་ཁུངས་ས་ཁུལ་དུ་ཆགས་ཡོད་ཅིང་། བྱེ་གནོད་ཀྱི་དབང་གིས་ཐང་སྐར་མ་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ2ཀྱི་མཚམས་སུ་གཞིས་སྤར།  ས་གནས་དེ་ནས་མཚོ་ལྷོ་ཁུལ་སྲིད་གཞུང་གི་སྡོད་གནས་ཏེ་ཆབ་ཆ་གྲོང་རྡལ་དང་སྤྱི་ལེ50ལྷག་གི་བར་ཐག་ཡོད་ཅིང་།  སྡེ་བ་དེ་ནི་བོད་རིགས་དང་རྒྱ་རིགས།  ཧུའེ་རིགས་བཅས་མི་རིགས་གསུམ་གྱིས་གྲུབ་པའི་སྡེ་བ་ཞིག་ཡིན་ཞིང་།  བསྡོམས་པས་ཁྱིམ་ཚང330ལྷག་དང་མི་གྲངས1230ལྷག་ཡོད།  སྡེ་བ་དེ་ཐང་སྐར་མ་གྲོང་རྡལ་དང་བར་ཐག་སྤྱི་ལེ15ཡོད་པའི་ཀུན་དགའ་མཚོ་ཡི་མཐའ་འཁོར་ནས་ད་ལྟའི་ས་གནས་སུ་གཞིས་སྤར་ཡང་། སྡེ་བ་ཧྲིལ་བོ་གནས་སྤར་བའི་དབང་གིས་སྔོན་ཆད་ཀྱི་སྡེ་མིང་རྒྱུན་འཛིན་བྱས་ཡོད།  སྡེ་བ་དེ་ཤར་ཕྱོགས་ནས་ཐཱ་ལ་ཐང་དང་འབྲེལ་ཞིང་ནུབ་ཕྱོགས་ནས་ཀ་ཏང་སྡེ་བར་འདྲེས་ཡོད།  མངའ་ཁོངས་སུ་ཐོན་སྐྱེད་མཉམ་ལས་རུ་ཁག5ཡོད་པ་དང་། ཞིང་ཕྱུགས་ལས་གཙོ་བོར་གཉེར་བའི་སྲིད་འཛིན་གྲོང་སྡེ་ཞིག་ཡིན། ཆ་སྙོམས་སྒོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2960ཡས་མས་ཡོད་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ3ཡས་མས་ཡིན་ཞིང་།  བ་མོ་མེད་དུས་ཉིན100-150ལྷག་ཡོད་པ་དང་།  ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི260ཡས་མས་ཡིན།  ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་ཡུན་དུས་ཚིགས་ནི་ཉིན120-170བར་ཡིན་པ་དང་།  གཟན་རྩྭ་ཐོན་སྐྱེད་བྱེད་པའི་དུས་ཚིགས་ནི་ཉིན150-160བར་ཡིན།  ཐན་པ་དང་བྱེ་རླུང་།  སེར་བ་སོགས་ཀྱི་གནོད་འཚེ་ནི་སྡེ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་པ་མ་ཟད།  བྱེ་འགྱུར་འགོ་ཁུངས་སུ་གནས་ཡོད་པའི་དབང་གིས་བྱེ་འགོག་ནགས་འཛུགས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་བསྐྱོད་དགོས་པར་གྱུར།

ཧྲུའུ་ཅི་རྒྱ་མཚོས་བྱེ་འགོག་ནགས་བསྐྲུན་གྱི་ལས་རིམ་མཚམས་སྦྱོར་བྱེད་བཞིན་པ།

གསར་འགོད་པས་ཧྲུའུ་ཅི་རྒྱ་མཚོས་སྣེ་ཁྲིད་ལ་བརྟེན་ནས་ཀུན་དགའ་མཚོ་ཡི་མཐའ་འཁོར་གྱི་ཡུལ་དངོས་སུ་བཅར་འདྲི་བྱེད་དུས། བཅར་འདྲི་བྱེད་སའི་ས་གནས་གང་དུ་ཐོན་ན་ཡང་། ཁོང་གིས་ཕྱོགས་གཅིག་ནས་རང་གི་ཁུག་མར་བཅུག་ཡོད་པའི་ཁྲེ་ཙེ་བླངས་ཏེ། ཉེ་བའི་ལོ་འགའི་རིང་འདེབས་འཛུགས་བྱས་པའི་ནགས་ཚལ་གྱི་སྐྱེ་ཚད་འཇལ་བ་དང་།  ཕྱོགས་གཅིག་ནས་སྤྲོ་སེམས་འཁོལ་བའི་ངང་ཀུན་དགའ་སྡེ་བའི་བྱེ་འགོག་ཕྱུག་འགྱུར་གྱི་རྒྱུད་རིམ་མཚམས་སྦྱོར་བྱས།

ཀུན་དགའ་མཚོ་ཡི་མཚོ་འགྲམ་ལ་ཐོན་སྐབས། ཧྲུའུ་ཅི་རྒྱ་མཚོ་ཡིས་སྤྲོ་སེམས་ཆེན་པོས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། “གནས་མ་སྤར་གོང་གི་ཀུན་དགའ་སྡེ་བའི་དཀྱིལ་ཁུལ་དུ་མཛེས་སྡུག་ལྡན་པའི་མཚེའུ་གསུམ་ཡོད་དེ།  ཀུན་དགའ་མཚོ་གོང་མ་དང་ཞོལ་མ།  མཚོ་ཆུང་ནོར་བུ་བཅས་ཡིན།  སྡེ་མིང་ལ་ཡང་ཀུན་དཀའ་སྡེ་བ་ཟེར།”  “དུས་རབས་ཉི་ཤུ་བའི་ལོ་རབས90བ་དང་།  སྒོས་སུ་སྤྱི་ལོ2005ལོ་ནས་བཟུང་།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོར་བརྟེན་ནས།  སྡེ་དམངས་ཡོངས་རྫོགས་ཧུར་ཐག་གིས་བྱེ་འགོག་ནགས་འཛུགས་ཀྱི་ལས་དོན་ཆེན་པོར་ཞུགས་ཤིང་།  མིག་སྔའི་བར་མུའུ་ཁྲི6ལྷག་གི་བྱེ་ཐང་དུ་བྱེ་འགོག་ནགས་བསྐྲུན་བྱས་པས།  སྔོད་ཆད་ལྟར་མུ་མཐུད་དུ་བྱེ་ཐང་དུ་གྱུར་བའི་གནད་དོན་སེལ་པ་མ་ཟད།  རྩྭ་ཤིང་ཉིས་འཛོམས་ཀྱི་ལྗང་མདོག་ཅན་དུ་བསྒྱུར་པས། མིའི་ཤུགས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ནུས་པ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད”།

རྒྱ་མཚོའི་མཚམས་སྦྱོར་ལྟར་ན། དུས་རབས་ཉི་ཤུ་བའི་ལོ་རབས90པ་ནས་བཟུང་།  ཀུན་དགའ་སྡེ་བའི་ཤར་རྒྱུད་ཀྱི་ཤིང་མངར་བྱེ་སྒོ་ས་ཁུལ་གྱི་བྱེ་རླུང་གིས་ཀུན་དགའ་སྡེ་བར་གནོད་འཚེ་ཆེན་པོ་བཟོས་བས།  སྡེ་དམངས་མང་པོ་མཐའ་འཁོར་དུ་གནས་སྤོར་མི་བྱེད་ཐབས་མེད་དུ་གྱུར།  ལོ་དུ་མའི་དུས་ཡུན་དུ་ཁྱིམ་ཚང་ལ་ལས་སྡེ་བའི་མཐའ་འཁོར་དུ་ཐེངས་གསུམ་ལྷག་ལ་གནས་སྤར་མྱོང་བ་རེད།  དེའི་རྐྱེན་གྱིས་སྤྱི་ལོ1996ལོ་ནས་བཟུང་སྡེ་དམངས་ཡོངས་ཀྱིས་སྡེ་བའི་མཐའ་འཁོར་དུ་སྡོང་འཛུགས་ནགས་བསྐྲུན་བྱེད་འགོ་བརྩམས།  2005ལོ་ནས་བཟུང་།  སྐབས་དེའི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རིན་སོགས་ཀྱིས་སྣེ་ཁྲིད་བྱས་པར་བརྟེན་ནས། ཕྱོགས་གཅིག་ནས་སྐྱེ་ཁམས་འཛུགས་སྐྲུན་ཕྱོགས་ཀྱི་རྣམ་གྲངས་བརྩོན་ལེན་བྱས་ཤིང་། ཕྱོགས་གཅིག་ནས་འཆར་གཞི་དང་གོ་རིམ་ལྡན་པའི་བྱེ་འགོག་ནགས་བསྐྲུན་གྱི་ལས་དོན་བསྒྲུབས་པས། ཀུན་དགའ་སྡེ་བས་སྐྱེ་ཁམས་བཅོས་སྐྱོང་གི་གོམ་སྟབས་དང་པོར་སྤོས།

 ཧྲུའུ་ཅི་རྒྱ་མཚོས་འཕང་འབྲས་འདེབས་འཛུགས་རྟེན་གཞི་དང་དེའི་ཡོང་སྒོ་མཚམས་སྦྱོར་བྱེད་བཞིན་པ།

རྒྱ་མཚོས་བཤད་རྒྱུར། “2005ལོར་གཞི་ཁྱོན་ཆེན་པོས་བྱེ་འགོག་ནགས་བསྐྲུན་ལས་དོན་གྱི་འགོ་བརྩམས་པ་ནས་བཟུང་།  སྡེ་དམངས་ཡོངས་ལ་རིམ་གྱིས་ཐུན་མོང་གི་ངོས་འཛིན་གསལ་བོ་ཞིག་ཆགས་ཤིང་།  སྒོས་སུ‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི’བསམ་བློའི་མཛུབ་སྟོན་ལ་བརྟེན་ནས། ང་ཚོར་སྔར་ལས་ལྷག་པར་བྱེ་འགོག་ནགས་བསྐྲུན་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པར་ཡིད་ཆེས་ཀྱིས་ཁེངས་ཤིང་།  ང་ཚོས་ཀྱང་རང་རང་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།  རྒྱུ་མཚན་ནི་ཁོར་ཡུག་བཟང་བོ་དེ་ང་ཚོ་དུས་རབས་འདིའི་འཚོ་གནས་དང་དམ་པོར་འབྲེལ་བ་ཡོད་པ་མ་ཟད། བུ་རབས་ཚ་བུ་རྒྱུད་ཀྱི་བདེ་སྐྱིད་ལའང་དེ་ལས་ཀྱང་འབྲེལ་བ་དམ་པོ་ཡོད་པས་ཡིན། སྡོང་འཛུགས་ནགས་བསྐྲུན་ཀྱི་སྐབས་སུ་ཡང་། སྡེ་དམངས་ཡོངས་ཀྱིས་དཀའ་སྤྱད་འབད་འབུང་སྒོས་ལོ་རེའི་སྡོང་འཛུགས་ནགས་བསྐྲུན་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་པ་མ་ཟད།  དུས་མཇུག་དོ་དམ་དང་ཞིབ་དཔྱད་ཚད་ལེན་བཅས་ཀྱི་ཕྱོགས་ནས་ཀྱང་ལུགས་སྲོལ་རབ་དང་རིམ་པ་བཙུགས་ནས།  སྐྱེ་ཁམས་འཛུགས་སྐྱོང་གི་རྒྱུན་མཐུད་རང་བཞིན་དང་ནུས་ལྡན་རང་བཞིན་འགན་སྲུང་བྱས། ”

dc7531438a162593c07e9df6d5ad70a.jpg

བྱེ་འགོག་ནགས་བསྐྲུན་མ་བྱས་གོང་གི་ཀུན་དགའ་མཚོ།

 ཧྲུའུ་ཅི་རྒྱ་མཚོས་བྱེ་འགོག་ནགས་བསྐྲུན་ཕྱོགས་ཀྱི་ཉམས་མྱོང་ངོ་སྤྲོད་བྱེད་སྐབས།  “ལོ་མང་བའི་གྲུབ་འབྲས་དང་ཕམ་ཁ་ཉིས་ལྡན་གྱི་བྱེ་འགོག་ནགས་བསྐྲུན་ལག་ལེན་དང་། སྒོས་སུ་བྱེ་འགོག་ནགས་བསྐྲུན་ལ་བརྟེན་ནས་ཕྱུག་པོར་བསྒྱུར་བའི་ཡིད་ཆེས་བརྟན་པོར་བརྟེན་ནས།  ང་ཚོས་བྱེ་འགོག་ནགས་བསྐྲུན་ཡུལ་དངོས་ནས‘ ཁྲོན་པ་བརྐོས་ནས་ཆུ་འཐེན་ཏེ་བྱེ་རྒོལ་འགོག་པ ’ དང ‘དཔལ་འབྱོར་ནགས་ལས་ལ་བརྟེན་ནས་ཡོང་འབབ་ཇེ་མང་དུ་གཏོང་བའི’ཐབས་གཉིས་ཟུང་འབྲེལ་གྱི་འཕེལ་རྒྱས་ཁ་ཕྱོགས་སྤྱི་སྡོམ་བྱས་ཡོད། དེ་ལྟར་ད་གཟོད་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་ཇེ་ཆེར་འགྲོ་སྲིད་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་འགྲོ་སྲིད།  འདི་ནི་ཀུན་དགའ་སྡེ་བའི་ལོ་པོའི་བྱེ་འགོག་ཕྱུག་སྒྱུར་ལག་ལེན་དངོས་ལ་བརྟེན་ནས་ཐོབ་པའི་ཉམས་མྱོང་གལ་ཆེན་ཡང་ཡིན”ཞེས་བཤད།

 རྒྱ་མཚོས་ད་དུང་སྤྲོ་སེམས་འཁོལ་བའི་ངང་།  “སྔོན་ཆད་གཙོ་བོ་དཔྱིད་དུས་སུ་བྱེ་འགོག་ནགས་བསྐྲུན་བྱས་མོད།  དཔྱིད་དུས་ཐན་པ་ཆེ་བས་ལྗོན་ཤིང་གི་གསོན་ཚད་ཧ་ཅང་དམའ།  རྗེས་སུ ‘དུས་ཚིགས་དང་པོར་ནགས་བསྐྲུན་པ་དང་ལྗོན་ཤིང་གསོན་ཚད་གནམ་ལ་རེ་བའི’སྲོལ་རྒྱུན་ལ་བསྒྱུར་བཅོས་བྱས་ཏེ།  བྱེ་འགོག་ནགས་བསྐྲུན་གྱི་ལས་སྒོ་དེ་ཟླ8པ་ནས9བའི་བར་སྤེལ།  དུས་སྐབས་དེར་ཆར་ཆུ་མོད་པས་ལྗོན་ཤིང་གི་སྐྱེས་ཚད་ཀྱང་དེ་བཞིན་ཇེ་མཐོར་འགྲོ་སྲིད་པས།  ད་ལྟ་ལྗོན་ཤིང་གི་སྐྱེས་ཚད90%ཡན་ལ་སླེབས་ཡོད”ཅེས་ངོ་སྤྲོད་བྱས།

160aa943c19fc0f0758efc01f04e77a.jpg

བྱེ་འགོག་ནགས་བསྐྲུན་ཇུས་འགོད་བྱེད་བཞིན་པའི་སྐབས།

“བྱེ་འགོག་ནགས་བསྐྲུན་གྱི་ཐོག་མའི་དུས་སྐབས་སུ།  སྡོང་བོ་གཅིག་བཙུགས་ན་ཆུ་གཏོང་པ་དང་བདག་སྐྱོང་བྱེད་པ་བཅས་ཀྱི་ཕྱོགས་ནས་མ་དངུལ་འབོར་ཆེན་གཏོང་དགོས་པས།  གལ་ཏེ་སྡོང་བོ་སྐྱེས་མ་ཐུབ་ན་གྱོང་གུན་ཆེན་པོ་ཐེབས་སྲིད་པ་མ་ཟད།   སྡོང་འཛུགས་ནགས་བསྐྲུན་གྱི་སྐབས་སུ་ཡང་།  ཉིན་མང་པོར་རང་ཁྱིམ་དུ་ལོག་མི་ཐུབ་པ་རེད།  གལ་ཏེ་ཁྱིམ་དུ་ལོག་ཐུབ་ན་ཡང་།  ལུས་ཧྲིལ་བོར་བྱེ་མའི་གང་ཡོད།  ཡིན་ན་ཡང་སྡེ་དམངས་ཡོངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ལྷག་སེམས་དེ།ང་ཚོས་བྱེ་འགོག་ནགས་བསྐྲུན་གྱི་ལས་དོན་དེ་མུ་མཐའ་སྐྱོང་ཐུབ་གཞི་རྩའི་སྒུལ་ཤུགས་ཡིན་པ་མ་ཟད།  དེར་བརྟེན་ནས་ད་ལྡའི་མདོག་གི་ཁོར་ཡུག་འདི་འདྲ་ཡོད་པར་གྱུར།”

 རྒྱ་མཚོས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་ཀུན་དགའ་མཚོ་ཡི་མཐའ་འཁོར་དུ་ནགས་ཚལ་གྱི་ཁྱབ་ཚད70%ཡན་ཟིན་ཞིང་།  ལྷག་པར་ཉེ་བའི་ལོ་འགའི་རིང་ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་བ་དང་བྱེ་ཐང་མང་ཆེ་བ་ལྗང་མདོག་ཅན་དུ་བསྒྱུར་བས།  ལོ་མང་པོར་མཐོང་དཀའ་བའི་རི་བོང་དང་ཝ་མོ་སོགས་རི་སྐྱེས་སྲོག་ཆགས་ཀྱང་།  ཀུན་དགའ་མཚོ་ཡི་མཐའ་འཁོར་གྱི་ནགས་ཚལ་དུ་དུས་རྒྱུན་དུ་མཐོང་ཐུབ་པ་རེད།

051053ddfc995236fd6364ffc2657d7.jpg

བྱེ་འགོག་ནགས་བསྐྲུན་བྱས་རྗེས་ཀྱི་ཀུན་དགའ་མཚོ།

རླངས་འཁོར་ལ་བསྡད་ནས་ཀུན་དགའ་མཚོ་ཡི་གཡས་ཕྱོགས་ཀྱི་བྱེ་འགོག་ནགས་ཚལ་དུ་སླེབས་དུས།  རྒྱ་མཚོ་ཧྲུའུ་ཅིས་ངོ་གདོང་ནག་ཅིང་ལུས་སྟོབས་ལྡན་ཞིང་སྐྲ་ལོ་ཅུང་ཙམ་འཁྱིལ་པའི་ནགས་སྲུང་བ་གཅོད་པར་བསྟན་ནས།  “ཁོ་ནི་ནགས་ཚལ་སྲུང་རྒྱུ་དེ་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་འཛིན་མཁན་ཞིག་ཡིན།  ཀུན་དགའ་སྡེ་བར་ཁོ་དང་འདྲ་བའི་མི་བཟང་གང་མང་ཡོད་པས།  དེ་རིང་གི་ལྗང་མདོག་ཅན་གྱི་གྲུབ་འབྲས་འདི་འདྲ་ཡང་ཐོབ”ཅེས་བཤད།

“ཀུན་དགའ་སྡེ་བས་བྱེ་འགོག་ནགས་བསྐྲུན་ལས་དོན་སྤེལ་བ་དང་དུས་མཉམ་དུ།  ཕྱོགས་གཅིག་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ།  ནོར་ལུག་གཟན་ཆས་ཀྱིས་གསོ་བའི་ཕྱོགས་ལ་འཁོར་ནས། ནོར་ལུག་གསོ་ཐབས་ལ་བསྒྱུར་བཅོས་དང་འཕེལ་རྒྱས་སུ་བཏང་པ་དང་།  ཕྱོགས་གཞན་ནས།  2008ལོར། སྡེ་བའི་བྱེ་འགོག་ནགས་བསྐྲུན་གྱི་རྒྱ་ཁྱོན་ཇེ་ཆེར་གཏོང་སྐབས། ནགས་བསྐྲུན་དང་བསྟུན་ནས་རྩྭ་ཕྱུག་ཇེ་ཉུང་དུ་འགྲོ་སྲིད་པའི་དོན་དངོས་ལ་དམིགས་ནས། མ་བསྐུལ་དང་ལེན་སྒོས་གུང་ཧོ་རྫོང་ཡུས་མའོ་ཐོན་ལས་ཚད་ཡོད་ཀུང་སི་དང་འབྲེལ་བ་བཙུགས་ཏེ། ཀུང་སི་དེ་དང་མཉམ་དུ་ས་མུའུ4000ལྷག་ཡོད་པའི་འཕང་འབྲས་གསོ་འདེབས་རྟེན་གཞི་བཙུགས། དེར་བརྟེན་ནས་ཀུན་དགའི་སྡེ་མི་ས་ཁུལ་གཞན་དུ་འགྲོ་མི་དགོས་པར། རང་གི་སྡེ་བ་ནས་ཡོང་སྒོ་ཐོབ་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱས་ཤིང་།  ན་ནིང་གི་མི་རེའི་ཡོང་སྒོ་སྒོར7800ལྷག་ལ་སླེབས་ཏེ།  སྡེ་དམངས་ཀྱི་ཡོང་འབབ་རྒྱུན་ལྡན་ཅན་དུ་འགན་སྲུང་བྱས།”

861a7319c7188c5b4d929d649e01cd9.jpg

འཕང་འབྲས་འདེབས་འཛུགས་རྟེན་གཞི།

 ཕྱི་དྲོའི་དུས་ཚོད5ཡས་མས་སུ།  ཐཱ་ལ་ཐང་བར་མའི་བྱེ་འགོག་ནགས་ཚལ་དུ་ཐོན་དུས། ནགས་སྲུང་བ་གཅོད་པས་མགོ་སྒུར་ནས་བྱེ་ཐང་དུ་རྡོ་ཐལ་དཀར་པོས་ཀོར་ཐིག་བརྒྱབ་ཡོད་པའི་ནང་གི་ལྗང་སྨྱུ་བརྩི་ཞོར་དུ “ང་ཚོས་འདེབས་འཛུགས་བྱས་པའི་ལྗོན་ཤིང་གི་གསོན་ཚད90%ཡན་ལ་སླེབས་ཡོད།”  “བྱེ་འགོག་ནགས་བསྐྲུན་བྱ་བ་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་བྱ་བ་ཞིག་ཡིན་མོད།  ང་ཚོར་ཀུན་དགའ་སྡེ་བའི་མཛེས་སྡུག་དང་ཞི་མཐུན།  བདེ་སྐྱིད་ལྡན་པའི་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་དེ་བས་ཀྱང་བརྟན་པོ་ཡོད”ཅེས་བཤད།  །

fd8499a1a8ebe9426cc247a8410c7f8.jpg

འཕང་འབྲས་བཏོག་བཞིན་པའི་ཚུལ།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།