ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་དམངས་ཆེན་འཐུས་མིའི་གཙོ་གནད་བསམ་འཆར་ལས་སྒྲུབ་ལན་སློག་ངོ་འཕྲད་ཚོགས་འདུར་མགོ་འཛིན་བྱས་པ་དང་། གཙོ་གནད་བསམ་འཆར་ལས་སྒྲུབ་ཀྱི་གནས་ཚུལ་དང་ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་དམངས་འཐུས་མི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། དམངས་ཆེན་འཐུས་མིའི་བསམ་འཆར་ལ་ཉན་ཏེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་འགོག་བཅོས་དང་དབང་བོ་སྐྱོན་བདེ་ཐང་ཞབས་ཞུ་བྱ་བར་བཀོད་སྒྲིག་བྱས།
ཁོང་ཡུང་གིས་བསྟན་དོན། དམངས་ཆེན་འཐུས་མིས་བཏོན་པའི་བསམ་འཆར་གྱིས་དབང་བོ་སྐྱོན་ཅན་ལས་དོན་ལ་དོ་ཁུར་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལས་དོན་སྐྱོན་བྲལ་འཕེལ་རྒྱས་སུ་གཏོང་བར་དཔྱད་གཞིའི་རིན་ཐང་ལྡན། ཁོང་ཡུང་གིས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་གནད་མཐོར་འདེགས་སུ་བཏང་སྟེ། རྒྱུན་འཁྱོངས་དང་སེམས་རྣལ་མོས་བྱ་བ་ལེགས་པོར་སྒྲུབ་པ་དང་། འབྲེལ་ཡོད་སྲིད་ཇུས་ཏན་ཏིག་གིས་ལེགས་སྒྲིག་བྱེད་པ་དང་། སྨན་བཅོས་དང་རོགས་སྐྱོར། བདེ་ཐང་སྲིད་ཇུས་བཅས་མཐུད་སྦྲེལ་ལེགས་པོ་བྱས་ནས། ཕྱིར་བཏོན་ཟིན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱ་དགོས། བདེ་ཐང་བྱ་བར་ཤུགས་སྣོན་དང་ཏན་ཏིག་གིས་དབང་བོ་སྐྱོན་ཅན་གྱི་རྒྱུ་རྐྱེན་དང་སྐྱོན་ཅན་གྱི་ཚད་གཞིར་དབྱེ་ཞིབ་དང་། གཙོ་གནད་ཚོགས་པའི་ལྟ་སྐུལ་ཚད་ལེན་བྱ་བར་ཤུགས་བསྣན་ཏེ། གཉེན་སྒྲིག་སྔོན་གྱི་སྨན་བཅོས་ལྟ་ཞིབ་བྱ་བ་སྤེལ་བ་དང་། མགོ་ཁུངས་ནས་དབང་བོ་སྐྱོན་ཅན་དུ་འགྱུར་ཚད་ཇེ་དམའ་རུ་གཏོང་བ་དང་། ཆེད་ལས་འཇོན་མི་གསོ་སྐྱོང་དང་དངུལ་གཏོང་གི་ཤུགས་ཚད་ཆེ་རུ་བཏང་ནས། སྒྲིག་ཆས་འཛུགས་སྐྲུན་དང་དབང་བོ་སྐྱོན་ཅན་གྱི་སེམས་ཁམས་བདེ་ཐང་དང་། གཞིས་ཁུལ་བདེ་ཐང་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ་དགོས། ཞབས་ཞུའི་ནང་དོན་རྒྱ་བསྐྱེད་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་། ཚན་རིག་ལྟར་ཕན་ནུས་ལྡན་པའི་ཞབས་ཞུ་མངོན་འགྱུར་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། དགོས་མཁོ་ཁ་ཕྱོགས་སུ་བཟུང་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་དང་། ལས་གཞི་མཛོད་འཆར་འགོད་བཟང་བོ་བྱས་ནས། དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཞབས་ཞུ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཁོང་ཡུང་གིས་ཞིང་ཆེན་དམངས་ཆེན་འཐུས་མིའི་གཙོ་གནད་བསམ་འཆར་ལས་སྒྲུབ་ལན་སློག་ངོ་འཕྲད་ཚོགས་འདུར་མགོ་འཛིན་བྱས་པ།