ཞིན་ཁྲང་ཞིང་གིས་ལས་ཞུགས་ཀྱི་འགག་རྩ་ནན་འཛིན་བྱས་ནས་དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱེད་དགོས་ཞེས་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་བརླིང་དང་དམངས་འཚོ་འགན་སྲུང་ལས་དོན་གྱི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཞུགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བླང་བྱ་ལྟར་ལས་ཞུགས་ཀྱི་དཀའ་གནད་ནན་འཛིན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱས་ནས“བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། 

ཞིན་ཁྲང་ཞིང་གིས་དུས་ཚིགས་བཞི་པར་སླེབས་ཉེར་ཡོད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་བརྟན་བརླིང་ཡོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་དམངས་འཚོའི་བཟོ་འགོད་དང་པོར་བརྩིས་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཐོན་སློབ་མ། དབང་པོ་སྐྱོན་ཅན། ཞིང་པ་དང་འབྲོག་པ་སོགས་གཙོ་གནད་རོགས་སྐྱོར་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ལས་དོན་གྱི་ཞན་ཆ་གསབ་ནས་ད་ལོའི་གཏན་འཁེལ་བྱས་པའི་ལས་ཞུགས་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུར་ཁག་ཐེག་བྱེད་དགོས། ལས་ཞུགས་དམིགས་བསལ་གྱི་སྲིད་ཇུས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་ནུས་ཤུགས་ཡོད་རྒུས་ལས་ཞུགས་ཞབས་ཞུའི“སྐྱེལ་བ་བཞིའི”བྱེད་སྒོ་ནན་འཛིན་ཡག་པོ་བྱེད་པ་དང་། ཁྲལ་བསྡུའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་གྱི་ཚོད་འཛིན་ཇེ་ཆུང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཧུར་ཐག་གིས་ཁེ་ལས་ཀྱི་ལས་ཞུགས་བསྡུ་ལེན་ནུས་པ་ཇེ་ལེགས་སུ་བཏང་སྟེ་ཁྲོམ་རའི་གཙོ་གཞི་བརྟན་བརླིང་གིས་ལས་ཞུགས་ཀྱི་ཁྱོན་ཡོངས་ལ་རྨང་གཞི་སྲ་བརྟན་འདིང་དགོས། ལས་གནས་ཀྱི་དགོས་མཁོ་དང་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་དོ་སྣང་བྱས་ཏེ་ཁྲོམ་རའི་དགོས་མཁོར་དམིགས་ནས་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་གིས་སློབ་གསོས་ངལ་ནུས་ཁྲོམ་རའི་གྲངས་འབོར་དང་གྲུབ་ཆ། སྤུས་ཚད་བཅས་ཀྱི་ཐད་སྔར་ལས་ལེགས་པའི་འབྲེལ་མཐུད་ཐུབ་པ་བྱེད་དགོས། ལས་ཞུགས་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཕྱོགས་ཡོངས་ཀྱི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་དང་ལས་འཚོལ་ཚོགས་སྤྱི་སོགས་ལ་ཁ་ཕྱོགས་ནས་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་ཡག་པོ་རྒྱག་དགོས། འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་འདོན་སྤེལ་དང་། མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་གང་ལེགས་བྱས་ནས། ཏན་ཏིག་སྒོས་ལས་ཞུགས་ཏེ་དམངས་འཚོའི་བྱ་བཞག་ཆེ་ཤོས་འདི་ཐུན་མོང་ཐོག་ཡག་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།