ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས“རྒྱལ་སྟོན་དུས་ཆེན”དང་“ཟླ་མཆོད་དུས་ཆེན”གྱིས་ངལ་གསོའི་ཉིན་མོའི་རིག་གནས་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་དང་ཁྲོམ་རའི་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་ནན་འཛིན་བྱས་ཏེ་རིག་གནས་ཡུལ་སྐོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན།
ད་ལོ་ནས་བཟུང“རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང་”དང“རྒྱལ་ཡོངས་མི་དམངས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་གདན་ཞུ་བྱེད་པ”ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན། ཟླ7པ་དང་ཟླ8པར་ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1166ཙམ་སྣེ་ལེན་བྱས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར105.8ཟིན་ཡོད། ཡུལ་སྐོར་ཞབས་ཞུའི་ལྟ་སྐུལ་དོ་དམ་གྱི་ལས་ཀ་སྔར་ལས་ལེགས་པར་བསྒྲུབས་ནས་ཞིང་ཆེན་རིག་གནས་ཡུལ་སྐོར་གོང་སྤེལ་འགོ་ཁྲིད་ཚོ་ཆུང་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་སྔ་རྗེས་སུ་རིག་གནས་ཡུལ་སྐོར་ཚོང་རའི་མཉམ་འབྲེལ་ཆེད་དམིགས་ཁྲིམས་བསྟར་ཞིབ་བཤེར་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཚོང་རར་ལྐོག་བཤེར་ལྐོག་ཞིབ་ཀྱི་ཆེད་དམིགས་བྱེད་སྒོ་སྤེལ། ཁྲིམས་འཛིན་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་རིགས་ཆེ་གྲས4ཡི་གནད་དོན36དང་། ལྐོག་ཞིབ་ཆེད་དོན་བྱ་སྤྱོད་ཁྲོད་ཐུན་མོང་རང་བཞིན་གྱི་གནད་དོན5དང་བྱེ་བྲག་རང་བཞིན་གྱི་གནད་དོན21ལ་དམིགས་ཏེ་ལས་རིགས་ཡོངས་སུ་ཡོངས་བསྒྲགས་བྱས་པ་དང་། ས་གནས་སོ་སོས་གནད་དོན་འབུར་ཐོན་ལ་དམིགས་ནས་དག་ཐེར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།
“རྒྱལ་སྟོན་དུས་ཆེན”དང་“ཟླ་མཆོད་དུས་ཆེན་”ལ་ཉེ་བས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ཁུལ་དང་རིམ་པ་དབྱེ་ནས་སྔོན་འགོག་ཚོད་འཛིན་གནད་འཁེལ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་སྒོ་འཛིན་སྔོན་མངགས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། 《ཟློས་གར་ཁང་སོགས་འཁྲབ་སྟོན་བྱ་ཡུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཕྱོགས་སྟོན》དོན་འཁྱོལ་ཡག་པོ་བྱེད་པ། ཡུལ་སྐོར་ལས་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་བྱེད་ཐབས་སོགས་ཡུལ་སྐོར་རྩ་འཛུགས་དང་སྣེ་ལེན་གྱི་ལྷུ་ཚིགས་སོ་སོར་ཁྱབ་དགོས་པར་མཛུབ་སྟོན་བྱེད་དགོས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས“དུས་ཆེན་གཉིས”ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་དང་ཁྲོམ་ར་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་བྱས་པ།