ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་སྔོན་གྱི་གཙགས་དྲུབ་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཙགས་དྲུབ་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་སྐོར་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས26ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་དུ་མཚོ་སྔོན་གྱི་གཙགས་དྲུབ་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཙགས་དྲུབ་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་སྐོར་མཛད་དེ་ནན་གྱིས་གསུང་དོན། ཇི་ལྟར་མི་རིགས་ཅན་དུ་གྱུར་པ་ཡོད་ཚད་ནི་དེ་ལྟར་འཛམ་གླིང་ལ་དབང་བ་ཡིན་པས། བྱེད་སྒོ་སྤེལ་བ་དེས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་རྒྱུན་འཛིན། མཚོ་སྔོན་གྱི་གཙགས་དྲུབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། མཚོ་སྔོན་གྱི་གཙགས་དྲུབ་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་སྟབས། མི་རིགས་རྨང་གཞི་དང་རིག་གནས་གཟུངས་གཞུག་ཏུ་བྱས་ཏེ། འཕེལ་རྒྱས་ཀྱི་ངེས་གནས་གནད་ལ་འཁེལ་བར་འཚོལ་བ་དང་། མ་འོངས་པའི་ཁ་ཕྱོགས་གསལ་པོར་བཟོ་བ། ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱིར་འདོན་པ། མཚོན་བྱེད་བརྩམས་ཆོས་བཏོན་ནས་སྟོབས་ལྡན་དུ་བསྒྱུར་བའི་སྤུས་རྟགས་གཏོད་པ། མཚོ་སྔོན་གྱི་གཙགས་དྲུབ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་གཙགས་དྲུབ་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཐུབ་པར་བྱེད་དགོས་ཞེས་གསུངས། ཞིང་ཆེན་གྱི་མགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ཀྲང་ལིས་མཉམ་དུ་གཟིགས་སྐོར་དུ་ཕེབས།

འགྲེམ་སྟོན་ཡུལ་དངོས་ཀྱི་མཚོ་སྔོན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམ་ཁུལ་དུ། གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་མཚོ་སྔོན་གྱི་གཙགས་དྲུབ་སྒྱུ་རྩལ་དང་། ཀོ་བརྙན་ལག་རྩལ། འཇིམ་བཟོ་ཚོན་རིས་ཅན། ཤིང་རྡོའི་བརྐོས་རིས། འགེལ་གདན། བོད་བཟོས་རྫ་ཆས། རེབ་གོང་སྒྱུ་རྩལ། གཡང་མདའ། བོད་སྤོས་བོད་སྨན་སོགས་བགྲང་གིས་མི་ལངས་པའི་བཤམས་དངོས་མང་པོས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ས་ཁུལ་གྱི་འགྲེམ་ཁུལ་དུ། ཀན་སུའུ་དང་། ཉིང་ཞ། ཧོ་ནན། ཧྲན་ཤིས། ཧྲའན་ཤིས། ནང་སོག ཧྲན་ཏུང་སོགས་ནས་ཡོང་བའི་གཙགས་དྲུབ་སྒྱུ་རྩལ་པ་སྤྲོ་སེམས་རབ་ཏུ་འཕེལ་ཏེ། ལ་ལས་གཙགས་དྲུབ་ཀྱི་རྩལ་ནུས་ངོམས་པ་དང་། ལ་ལས་དྲ་ཐོག་དང་དྲ་ཕྱི་ནས་རང་ཉིད་ཀྱི་ཐོན་རྫས་འོས་སྦྱོར་བྱེད་པར་བྲེལ་བཞིན་ཡོད་པས། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་ས་ཁོངས་ཀྱི་ཉམས་འགྱུར་ཟབ་མོ་མངོན་གྱིན་འདུག ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་འགྲེམ་སྟོན་ལ་གཟིགས་ཏེ་འགྲེལ་བརྗོད་ལ་ནན་ཏན་གྱིས་གསན་ཅིང་། ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བཟོ་རྩལ་མཛེས་རྩལ་ཆེན་མོ་བ་སོགས་དང་གསུང་གླེང་མཛད་དེ་གཙགས་དྲུབ་བརྩམས་ཆོས་བཟོ་བའི་བརྒྱུད་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་།

ད་ཐེངས་ཀྱི་འགྲེམ་སྟོན་དེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བཞི་བཅུ་ལྷག་ཙམ་གྱི་འགྲེམ་ཁུལ་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་གཙགས་དྲུབ་འགྲེམ་ཁུལ་ཁག་གཉིས་སུ་དབྱེ་ཡོད། འགྲེམ་སྟོན་གྱིས་མཚོ་སྔོན་དང་རྨ་ཆུའི་འབབ་རྒྱུད་ཀྱི་ས་གནས་ཁག་གི་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་ཆར་བརྟེན་ནས། ཡི་གེ་དང་། པར་རིས། དངོས་པོ། རྒྱུན་འཛིན་པ་བཅས་ཀྱིས་ཡུལ་དངོས་སུ་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་རིམ་པ་ཁག་དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་དང་། རྒྱུན་འཛིན་པའི་བརྩམས་ཆོས་ཆིག་ཁྲི་ལྷག་ཙམ་འགྲེམ་སྟོན་བྱས་ཏེ། ས་གནས་ཁག་གི་གཙགས་དྲུབ་སྒྱུ་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དར་སྤེལ་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།