གཡུ་ལུང་སྡེ་བའི་ས་ནག་བཅོས་སྐྱོང་གི་མགོ་རྩོམ་ས།

ས་ནག་ཐང་བཅོས་སྐྱོང་ནི་རྩྭ་ས་ཞན་འགྱུར་ཚབས་ཆེ་ཤོས་ཀྱི་མངོན་སྟངས་ཤིག་ཡིན། དུས་རབས་སྔོན་མའི་ལོ་རབས90པར། ས་ནག་ཐང་གི་རྒྱ་ཁྱོན་རིམ་བཞིན་ཇེ་ཆེར་འགྲོ་བཞིན་པའི་རྣམ་པ་མངོན་ཏེ།གཙང་གསུམ་འབྱུང་ཡུལ་གྱི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བྱུང་། རྒྱུས་ལོན་པ་ལྟར་ན། མགོ་ལོག་ཁུལ་ལ་ད་ལྟ་སྤྱོད་ཆོག་པའི་རྩྭ་སའི་རིགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི625ཡོད་ཅིང་། ཞན་འགྱུར་འབྲིང་ཚད་ཡིན་པའི་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི177དང་། ཞན་འགྱུར་ཚབས་ཆེ་བའི་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི200ལྷག་ལ་སླེབས།རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་ཕྱེད་ཀ་ལས་བརྒལ་བའི་ཁྲོད། ས་ནག་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི120ལྷག་ལ་སླེབས་ཡོད། དར་ལག་རྫོང་འོད་གསལ་ཞང་གཡུ་ལུང་སྡེ་བའི་མཚོ་ངོས་ལས་མཐོ་ཚད་ལ་སྨི4000ཡིན་ཞིང་། གནས་དེའི་རྩྭ་སའང་ས་ནག་ཐང་དུ་གྱུར་མྱོང་མོད། འོན་ཀྱང་དེང་སྐབས་གཡུ་ལུང་སྡེ་བའི་ས་ནག་ཐང་ནི་གཟན་རྩྭའི་རྟེན་གཞི་རུ་གྱུར།

གཡུ་ལུང་སྡེ་བའི་སྡེ་དམངས་ཀུན་རྣམ་གྱིས་བཤད་པ་ལྟར་ན། “སྔོན་ཆད། ཕྱུགས་ཟོག་ཚད་ལས་བརྒལ་བ་འཚོ་སྐྱོང་བྱས་སྟབས། ཡུལ་འདིའི་རྩྭ་ར་མང་པོ་སྐྱ་ཐང་ཐང་དུ་གྱུར་ཏེ། རྩྭ་སོར་རྩེ་ཙམ་ཡང་མི་སྐྱེས།”

གཡུ་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རིག་ལྡན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྡེ་བའི་ས་ཐོག་གི་ས་ནག་ཐང་གི་རྒྱ་ཁྱོན་ཆེ་བས། དབུལ་ཐར་དང་ཡོང་སྒོ་འཕར་བར་ཅུང་དཀའ་ཚེགས་ཆེ་ཞིང་། 2015ལོའི་ཟླ10པར། མགོ་ལོག་ཁུལ་གཙང་གསུམ་འབྱུང་ཡུལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་པདྨ་རྒྱལ་གཡུ་ལུང་སྡེ་བར་ཡོང་ནས“ཧྲུའུ་ཅི་དང་པོའི”འགན་ཁུར།

“སྡེ་བའི་ནང་དུ་སླེབས་པའི་ཉིན་དང་པོ་དེར། འབྲོག་དམངས་རྣམས་ཀྱི་བསམ་པར་ང་ཡང‘སྐོར་བ་ཐེངས་གཅིག’བྱེད་དུ་ཡོང་བ་ཙམ་རེད་འདོད་པས། ང་དང་འབྲེལ་འདྲིས་མང་པོ་བྱེད་མཁན་མི་འདུག”པདྨ་རྒྱལ་གྱིས་བཤད་རྒྱུར། སྡེ་བའི་ལས་བྱེད་པ་དང་སྡེ་དམངས་རྣམས་ཀྱི་དོགས་གཞི་མང་པོར་གདོང་གཏད་ནས། ཁོས་མྱུར་དུ་མཐའ་གསལ་མཐིལ་རྟོགས་བྱས་ཏེ། ཟླ་ངོ་གཉིས་ཀྱི་རིང་ལ། གཡུ་ལུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང92ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་སོང་།

“གནས་ཚུལ་ཤེས་རྟོགས་བྱུང་ནའང་། མ་དངུལ་དང་ལག་རྩལ་མི་འདུག”དུས་སྐབས་ཐོག་མའི་བརྟག་དཔྱད་བརྒྱུད་པདྨ་རྒྱལ་གྱིས་གཡུ་ལུང་སྡེ་བ་ནི་རྒྱུ་ཆུའི་གཞུང་དུ་གནས་ཡོད་པ་མཐོང་བས་ལས་ཀའི་གཙོ་གནད་དེ་སྡེ་བའི་ནང་གི་ས་ནག་ཐང་གི་སྟེང་བཞག་ནས་གཟན་རྩྭ་ཐོན་སྐྱེད་བྱེད་རྒྱུའི་ཐག་བཅད།

“ལོ་དེར་མ་དངུལ་གྲོན་ཆུང་བྱེད་ཆེད། པདྨ་རྒྱལ་གྱིས་དངོས་སུ་སྡེ་སྡོད་ལས་བྱེད་པ་ཁྲིད་དེ་ཟི་ལིང་དུ་སོང་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་བསྒྲིགས་ཤིང་། ཁོ་ཚོས་ཚོང་ཟོག་མངགས་ཉོ་བྱས་ཏེ་ཚོང་བདག་བྱས་པར་མ་ཟད། སྒྱེ་མོ་ཁུར་ཏེ་དངོས་ཟོག་རླངས་འཁོར་དུ་བསྐྱལ་ནས་གླ་པ་བྱས།”རིག་ལྡན་གྱིས་དེ་ལྟར་བཤད།

“སྡེ་བའི་གཟན་རྩྭའི་ཐོན་ལས་མགོ་བརྩམས་ཤིང་འཕེལ་རྒྱས་བྱུང་བ་ནས་ད་ལྟའི་བར། སྤྱི་ཆིང46.6འདེབས་འཛུགས་བྱས་ཟིན། རྩྭ་སྔོན་བསྡམས་ལོག6500ཡོང་འབབ་བྱུང་བ་དང་། ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི15ལྷག་ལ་བུད། འདི་ལྟར་བྱས་པས་ས་ནག་ཐང་བཅོས་སྐྱོང་བྱས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་ཀྱང་སྲུང་སྐྱོབ་བྱས་པ་རེད། ”པདྨ་རྒྱལ་གྱིས་དེ་ལྟར་བཤད།

གཟན་རྩྭའི་ཐོན་ལས་འཕེལ་རྒྱས་བཏང་བ་ལས་གཞན། པདྨ་རྒྱལ་གྱིས་ད་དུང་ལོ་གང་མང་གི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། འཁོར་རྒྱུག་དུས་ཡུན་ཐུང་ཞིང་། ཕན་འབྲས་མངོན་ཚད་མགྱོགས་པའི་འབྲོག་ལུག་གསོ་སྤེལ་ལས་གཞི་ལ་དམིགས་ནས། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་རོགས་རམ་བྱས།

“ཧྲུའུ་ཅི་པདྨ་རྒྱལ་ལགས་ཀྱིས་ང་ཚོར་གཟན་རྩྭ་འདེབས་འཛུགས་དང་འབྲེག་པ་དང་སྡོམ་པ་བཅས་ཀྱི་ལག་རྩལ་མཛུབ་ཁྲིད་བྱས་ཏེ་ཤེས་སུ་བཅུག་པར་མ་ཟད། ལོ་གཉིས་ཀྱི་རིང་ལ་འདེབས་འཛུགས་བྱས་པ་བརྒྱུད། མིག་སྔར་ངེད་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར4948ལ་བུད། ”སྡེ་དམངས་ཆོས་གྲགས་ཀྱིས་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་འགའི་རིང་ལ། དར་ལག་རྫོང་གིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དུས་རིམ་གཉིས་པ་དང་། ཕྱུགས་བསྐྱུར་རྩྭ་སྐྱོང་དང་ས་ནག་ཐང་བཅོས་སྐྱོང་སོགས་ཀྱི་བཟོ་འགོད་ལ་གཞི་བཅོལ་ཏེ།རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.5བརྩོན་ལེན་བྱས་ཡོད་ལ། ས་ནག་ཐང་བཅོས་སྐྱོང་བྱས་ཚད་སྤྱི་ཆིང52973.3དང། རི་རྒྱ་ནགས་གསོ་བྱས་ཚད་སྤྱི་ཆིང11053.33དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱས་ཚད་སྤྱི་ཆིང930133.3དང་། བརླན་ས་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང50666.6དང་། སྐྱས་སྤོས་ཕྱུགས་འཚོ་དང་རེས་མོས་ཕྱུགས་འཚོ་བྱས་ཚད་སྤྱི་ཆིང133333དང་། རྩྭ་ས་ཞན་འགྱུར་ལེགས་བཅོས་བྱས་ཚད་སྤྱི་ཆིང14333ལ་སླེབས་ཡོད།

མགོ་ལོག་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཅིན་ཡུང་ཀྲུང་གིས་བཤད་པ་ལྟར་ན། “ད་ལོར་དར་ལག་རྫོང་གི་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ཕྱོགས་བསྡུས་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་འཆར་གཞི་མགོ་བརྩམས་པ་ནི།མགོ་ལོག་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་ལ་ཡང་བསྐྱར་ཤུགས་བསྣན་པ་རེད། ”

དེ་རིང་གི་གཡུ་ལུང་སྡེ་བ་ནི། ས་ནག་ཐང་གཟན་རྩྭའི་རྟེན་གཞི་རུ་གྱུར་པ་དང་བསྟུན་ནས། དར་ལག་རྫོང་རྩྭ་ཐང་གི་ས་ནག་ཐང་བཅོས་སྐྱོང་བྱེད་པའི་མགོ་ཡང་བརྩམས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།