མཚོ་སྔོན་ཞིང་ཆེན་གྱི2019ལོའི་ལོ་འཁོར་གྱི་དབུལ་ཐར་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་ལོ་འཁོར་གྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཚོགས་ཤིང་། ཚོགས་འདུའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁར་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། གྲུབ་འབྲས་ཕྱོགས་སྡོམ་དང་། ཉམས་མྱོང་སྤེལ་རེས། སྔོན་ཐོན་ལ་གཟེངས་བསྟོད་བཅས་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་།

ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2019ལོའི་ལོ་འཁོར་གྱི་དབུལ་ཐར་འགག་སྒྲོལ་བྱ་བའི་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས་པ་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་མི5ཡིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས་པ་རེད།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་། ལས་ཁུངས། མི་སྒེར་བཅས་དང་། དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་བློ་མཐུན་ཡོངས་ལ་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། ང་ཚོའི་ཏང་གིས་བཞག་པའི་གཟི་བརྗིད་ལྡན་པའི་དམ་བཅའ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་བསམ་བློ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། དབུལ་ཐར་འགག་སྒྲོལ་ལ་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་གཏོང་དགོས་ལ། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པའི་རྟིང་རྩོད་དམག་འཐབ་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་བྱེ་བྲག་གི་བྱ་སྤྱོད་དང་བྱ་བའི་ཕན་འབྲས་དོན་འཁྱོལ་གྱིས། དབུལ་ཐར་འགག་སྒྲོལ་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས་པར་བརྗོད་པ་མ་ཟད། ཁོང་གིས་ནན་གྱིས་བསྟན་དོན། གཟེངས་བསྟོད་ནི་བྱས་རྗེས་ཕུལ་མཁན་ལ་གཟེངས་བསྟོད་དང་། སྐུལ་ལྕག སྐུལ་འདེད་བཅས་བྱེད་པ་ཡིན་ཞིང་། དབུལ་ཐར་འགག་སྒྲོལ་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་འགག་རྩའི་དུས་སུ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། གཏམ་བཤད་ནི་ཉམས་མྱོང་བརྗེ་རེས་དང་། ལྟ་ཞིབ་བྱེད་ས་ནི་རང་རང་གི་བྱ་བ་ཡིན་ལ། གོང་བུ་གཅིག་ཏུ་འགྲིལ་བ་ནི་འགག་སྒྲོལ་གྱི་བློ་སྟོབས་དང་། ལག་ལེན་གྱི་འགན་འཁྲིའི་ཁུར་སེམས་མཚོན་ཡོད་པས་དཔའ་ངར་ཆེར་སྐྱེད་ཀྱིས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པར་བརྗོད།

 ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དབུལ་སྐྱོར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩིས་ནས། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་རྒྱུན་འཁྱོངས། མཐོ་ས་ནས་སྐུལ་འདེད་དང་། གང་ཐུབ་ཅི་ཐུབ་ཀྱིས་དམག་འཐབ་བྱེད་པ། གཅིག་བསྡུས་ཀྱིས་འགག་སྒྲོལ་བཅས་བྱས་པས། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ཡོད་པར་བརྗོད།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་། ཐིན་ཅ་ཚའེ། ཝང་ཡུས་ཡན། ཡན་པའོ། ཝང་ཞིའུ་ཧྥིན། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁོན། ཏུའུ་ཏི་ཀྲི་བཅས་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། གྲོང་ཁྱེར་དང་ཁུལ། རྫོང་(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན་)བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དབུལ་སྐྱོར་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གི་དམིགས་འཛུགས་དབུལ་སྐྱོར་ལས་ཁུངས་ཀྱི་འཐུས་མི། ཞིང་ཆེན་རིམ་པའི་དམིགས་འཛུགས་དབུལ་སྐྱོར་ལས་ཁུངས། སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།