ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་ཡུལ་ཤུལ་ཁུལ་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པར་རིན་མེད་ངང་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ།

ཀྲུང་གོ་བོ་དཀྱི་དྲ་བའི་འཕྲིན།  ཉེ་ཆར།  མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་ལུས་གསོའི་ཆེད་ལས་ལག་རྩལ་མི་སྣ་ཡུལ་ཤུལ་གྲོང་ཁྱེར་དུ་མངགས་ནས།  ལོ0ནས6བར་གྱི་བྱིས་པའི་མཐོང་ཤུགས་དང་ཉན་ཤུགས།  སྐད་ཆ།  རྐང་ལག  རིག་སྟོབས།  ཁེར་རྐྱང་ནད་སོགས་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་།  ལོ7ནས17བར་གྱི་ལག་ཁྱེར་ཡོད་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པར་རིན་མེད་ངང་ལུས་ཕུང་ཞིབ་བཤེར་དང་།  བྱ་བར་ཞིབ་དཔྱོད་བྱེད་པའི་ལས་དོན་སྤེལ་ནས།  ཞིང་ཆེན་གྱི་གནས་གཏན་འཁེལ་བྱས་པའི་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་པའི་ནད་པ29གཏན་འཁེལ་བྱས་པ་རེད།

ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཆེད་མཁས་པའི་དཔུང་ཁག་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་རུ་དུས་ཡུན་ཉིན17གྱི་དབང་པོ་སྐྱོན་ཅན་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་དང་།  ཡུལ་ཤུལ་གྲོང་ཁྱེར་ནི་ཐེངས་འདིར་བསྐྱོད་པའི་ས་ཚིགས་ཆེས་རྗེས་མ་དེ་རེད།  ནད་གཞི་གཏན་འཁེལ་བྱས་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དག་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་བྱས་པའི་སྨན་ཁང་དུ་སོང་སྟེ་སྨན་བཅོས་དང་ལེན་བྱ་རྒྱུ་ཡིན་པ་དང་།  སྨན་བཅོས་འགྲོ་སོང་ཡོད་ཚད《ཡུལ་ཤུལ་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལག་བསྟར་བྱ་ཐབས》གཞིར་བཟུང་ནས་འོས་འཚམ་གྱི་ཁ་གསབ་བྱེད་རྒྱུ་རེད།

ད་ལོ་ནས་བཟུང་།  ཡུལ་ཤུལ་གྲོང་ཁྱེར་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ52ཞིང་ཆེན་རིམ་པའི་གནས་གཏན་འཁེལ་བྱས་པའི་སྨན་ཁང་དུ་སྨན་བཅོས་དང་ལེན་བྱས་པ་དང་དྲག་སྐྱེད་སྦྱོང་བརྡར་བྱས་པས།   རོགས་སྐྱོར་མ་དངུལ་བསྡོམས་འབོར་སྒོར་ཁྲི80ཙམ་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།