མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་རྟེན་འབྲེལ་ཤིས་འཕྲིན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མཚོ་སྔོན་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་དང་། གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བའི་དྲན་གསོའི་དབུ་ཚོགས་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དྲུག་པའི་རྟེན་འབྲེལ་ཤིས་འཕྲིན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་འཚམས་འདྲི་ཞུས་པའི་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཚད་བསྡུར་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཀྱི་ངོས་ཐད་ནས་མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། མཚོ་སྔོན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་པ། མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དེ་ཀྲུང་དབྱང་གི་བླང་བྱ་མཚོན་པ་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ། རང་རེའི་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་གཏན་འབེབས་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། མཚོ་སྔོན་གྱི་འགུལ་སྐྱོད་ཐོག་ནས་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་དང་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་སྔར་བས་ལེགས་པོ་ཞུ་དགོས། “དངོས་ཐོག་བདེན་འཚོལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་སྦྲེལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན”གྱི་ཡན་ཨན་སྙིང་སྟོབས་ཀྱི་སྟོབས་ཤུགས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཡན་ཨན་སྙིང་སྟོབས་ཀྱི་ནང་དོན་ཟམ་མི་ཆད་པར་སྔོག་འདོན་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་མར་ཁེ་སིའི་རིང་ལུགས་ཀྱིས་མཚོ་སྔོན་གྱི་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གང་མགྱོགས་བྱས་ནས་ཞིང་ལས་སྔར་ལས་སྟོབས་ལྡན་དང་། ཞིང་སྡེ་སྔར་ལས་མཛེས་པ། ཞིང་པ་སྔར་ལས་ཕྱུག་པོར་འགྱུར་བར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམངས་གཉེར་ཁེ་ལས་མཁས་ཅན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་ཡོད། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“བདེ་ཐང་གཉིས”ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་མི་སྣ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བགྱིས་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་དང་ཟུང་འབྲེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་། དམངས་གཉེར་དཔལ་འབྱོར་གཉེར་བའི་ལས་རིགས། འཚར་ལོངས་ཀྱི་ཆོས་ཉིད་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཁྲོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་བསྡུར་ཚད་སྔར་བས་ཇེ་མཐོར་གཏོང་བ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་བྱེད་དགོས། བློ་གཅིག་སེམས་གཅིག་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ་དང་། དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཏང་གིས་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས་མཐུན་སྒྲིལ་ཡག་པོ་དང་ཁྲིད་སྟོན་ཡག་པོ་བྱེད་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་གསུངས། 

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི《〈“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་བྱས་ཤིང་། དོན་དག་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།