ཝང་ལིས་མིང་གིས་མུ་རི་རྡོ་སོལ་གཏེར་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས22ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་མུ་རི་རྡོ་སོལ་སྤྱང་ཚང་གཏེར་ཁུལ་དང་ཅུས་ཧུའུ་ཀེང་གཏེར་ཁུལ་དུ་བསྐྱོད་དེ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ནས།  ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས།  ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་།  ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཡག་པོར་བསྒྲུབས་པ་རེད།

ཝང་ལིས་མིང་སྔ་རྗེས་སུ་སྤྱང་ཚང་གཏེར་ཁུལ་གྱི་གཏེར་ཁྲོན2པ་དང4བ།  ཅུས་ཧུའུ་ཀེང་གི་གཏེར་ཁྲོན3པདང7པ་བཅས་སུ་བསྐྱོད་དེ།  ཡུལ་དངོས་སུ་གཏེར་ཁུལ་གྱི་ས་དོང་དང་རི་སྙིགས་ལ་གཟིགས་ཞིབ་གནང་སྟེ།  གཏེར་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་གྱི་འཆར་གཞི་ལ་ཞིབ་ཕྲའི་ངང་རྒྱུས་ལོན་བྱས་པ་དང་།  སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།  ཁོང་གིས་ཁེ་ལས་དང་འབྲེལ་ཡོད་ས་ཁུལ།  སྡེ་ཁག་བཅས་ཀྱིས་ངེས་པར་དུ་ཆབ་སྲིད་ལ་དམིགས་ནས་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་དང་།  སྐྱེ་ཁམས་བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་བྱ་དགོས་པ་མ་ཟད།  རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།  འགན་འཁྲི་ཕྲག་ཏུ་འཁུར་ཏེ་ཕྱོགས་ཡོངས་ནས་མུ་རི་གཏེར་ཁུལ་གྱི་ཁེ་ལས་རྩད་ཞིབ་གསར་སྤེལ་དང་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་མཐའ་དག་མཚམས་འཇོག་པ་དང་།  བཅའ་ཁྲིམས་དང་།  སྲིད་འཛིན།  ཚོང་ར་སོགས་ཀྱི་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་དང་ཁྲོན་པ་གཅིག་ལ་ཐབས་ཇུས་གཅིག་གིས་ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ།  ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དུས་བཀག་ལྟར་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།