མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་བདེ་འཇགས་དོགས་ཟོན་འགན་ལེན་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས21ཉིན།  མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས《ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་བདེ་འཇགས་དོགས་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ནས།  བདེ་འཇགས་དོགས་ཟོན་གྱི་འགན་འཁྲིའི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་།  འགྲིམ་འགྲུལ་སྐྱེལ་འདྲེན་དང་།  ཡུལ་སྐོར།  མི་མང་འདུས་སྡོད་བཅས་ཀྱི་བདེ་འཇགས་ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་པ།  གློག་ཤུགས་ཀྱི་མེ་སྐྱོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  མང་ཚོགས་ཤི་རྨས་ཀྱི་དོན་རྐྱེན་ལ་འགོག་སྲུང་ནན་མོ་བཅས་བྱས་ནས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས།  སྤྱི་ཚོགས་བརྟན་ལྷིང་སོགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

《བརྡ་ཐོའི》ནང་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ནི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ།  ཐོན་སྐྱེད་དང་སྐྱེལ་འདྲེན།  གཉེར་སྐྱོང་།  ཡུལ་སྐོར་བཅས་ཀྱི་དུས་ཚིགས་ཤིག་ཀྱང་ཡིན་པས།  མང་ཚོགས་ཕྱིར་སྐྱོད་མང་བ་དང་སྤྱི་དམངས་ཀྱི་བྱ་འགུལ་མང་བ་མ་ཟད།  མི་རྒྱུན་དང་།  ཟོག་འགྲེམས།  འཁོར་རྒྱུན་བཅས་གཅིག་ཏུ་འདུས་པས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་དང་།  དོན་རྐྱེན་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།  ལས་ཁུངས་ཁག་བཅས་ཀྱིས་དུས་ཆེན་སྐབས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་དམིགས་ནས། ཐོན་སྐྱེད་ཀྱི་ལྷུ་ཚིགས་ཞན་ས་དང་དོན་རྐྱེན་འབྱུང་སླ་བར་སྔར་ལས་ལྷག་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ།  ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཡང་བསྐྱར་ཞིབ་བཤེར་དང་སྐུལ་འདེད།  དོན་འཁྱོལ་བཅས་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཞན་ཆ་ཁ་གསབ་དང་། དཀའ་ཁག་མེད་པར་བཟོ་བ།  སྐྱོན་ཆ་འགོག་པ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

《བརྡ་ཐོའི》ནང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་ཁག་བཅས་ཀྱིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ།  འགྲིམ་འགྲུལ་དང་མཛེས་ལྗོངས་ཁུལ།  གསོལ་ཚིགས་ཁང་།  ཁྲོམ་ར་ཆེ་གྲས།  ཚོང་ར།  སྒོ་རྩིས་ཚོང་ཁང་།  རོལ་རྩེད་ཁང་།  སྨན་ཁང་སོགས་གཙོ་གནད་ལས་རིགས་དང་མི་མང་འདུ་གནས་ཀྱི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།