ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། 2020ལོའི་སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོ”དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་དེ“རྒྱལ་ཁབ་ཆེན་པོའི་མིང་ཁོངས་སུ་ཁྱོད་མེད་ན་མི་འགྲིག་”ཅེས་པ་བརྗོད་དོན་དུ་བྱས་ཤིང་། དྲིལ་བསྒྲགས་སྦྱར་བྱང་དང་། རིག་རྩལ་ལེ་ཚན་འཁྲབ་སྟོན། ཡོངས་བཤེར་ཤེས་བྱ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད། སྤྱི་ཚོགས་ལས་རིགས་ཁག་གིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་དོ་ཁུར་དང་སེམས་ཁུར་བྱེད་པར་ཁྲིད་སྟོན་དང་། གོམ་སྟབས་རྗེས་མའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་སྤེལ་བ་ནི་རང་རྒྱལ་གྱི་མི་འབོར་གྱི་གནས་ཚུལ་གསལ་རྟོགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཐད་ཡོངས་བཤེར་པ་དུད་ཁྱིམ་དུ་བསྐྱོད་ནས་ཐོ་འགོད་བྱེད་པའམ་ཡང་ན་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་བརྒྱུད་རང་འགུལ་ངང་རེའུ་མིག་འགོད་པའི་ཐོ་འགོད་བྱེད་སྟངས་སྤྱོད་རྒྱུ་རེད། ཡོངས་ཁྱབ་ཞིབ་བཤེར་དེ2020ལོའི་ཟླ11པའི་ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་སྟེང་དངོས་སུ་སྤེལ་འགོ་ཚུགས་པ་དང་། གཙོ་བོ་མི་འབོར་དང་དུད་ཁྱིམ་གྱི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་རེད། དེའི་ནང་རུས་མིང་དང་། སྤྱི་དམངས་ཐོབ་ཐང་མཚོན་བྱེད་ཨང་རྟགས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱོང་ཚད། ལས་རིགས། ལས་གནས། གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། འཆི་བ། སྡོད་ཁང་སོགས་ཀྱི་གནས་ཚུལ་ཚུད་ཡོད།
ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ལ་ཁྱོན་ཡོངས་ནས་གློག་རྡུལ་ཅན་གྱི་གཞི་གྲངས་འཚོལ་བསྡུ་བྱེད་སྟངས་སྤྱོད་རྒྱུ་ཡིན་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་རིང་གཞི་གྲངས་ཆེ་མོ་བཀོལ་སྤྱོད་བྱེད་པ་སྐུལ་འདེད་བཏང་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་འཚོལ་བསྡུའི་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་དམིགས་ཚད་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མི་འབོར་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ། ཁྱད་ཆོས་གསར་པ། འཕེལ་ཕྱོགས་གསར་པ་བཅས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱིས་སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོ”དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།