སྐབས་ཐོག་མའི་རྨ་ཙོང་རིག་གནས་གླེང་སྟེགས་མཚོ་ཤར་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་དགུ་ཉིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་དང་མཚོ་ཤར་གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས་ཐོག་མའི་རྨ་ཙོང་རིག་གནས་གླེང་སྟེགས་མཚོ་ཤར་ནས་སྤེལ། དེ་ནི་རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དང་། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པའི་ཡ་གྱལ་ཡིན་པ་རེད། 

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོན་ལི་ཡིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥུན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཉའོ་ཁྲིན་ཡུན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་ཀྲང་ལེ་གླེང་སྟེགས་ལ་ཞུགས། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གི་ངག་བཅོལ་ལྟར། ཡུས་ཚོན་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གླེང་སྟེགས་ལ་ཞུགས་པའི་མགོ་ཁྲིད་དང་སྐུ་མགྲོན་དག་ལ་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་རྨ་ཙོང་རིག་གནས་ཐད་དཀའ་སྤྱད་འབད་འབུངས་བྱེད་པའི་ཆེད་མཁས་པ་དང་རིགས་སོ་སོའི་མང་ཚོགས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྨ་ཆུའི་རིག་གནས་ལས་བྱུང་བའི་རྨ་ཙོང་རིག་གནས་ནི་རྨ་ཆུའི་མགོ་ཁུངས་ཀྱི་མིའི་རིགས་ཀྱི་དཔལ་ཡོན་ཅན་གྱི་འཕེལ་རིམ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་ལོ་རྒྱུས་སྟེང་མི་རིགས་རིག་གནས་མཉམ་འདྲེས་མཉམ་གནས་ཀྱི་ལྡོག་མེད་མཇུག་འབྲས་ཡིན་པ་རེད། སྐབས་ཐོག་མའི་རྨ་ཙོང་རིག་གནས་གླེང་སྟེགས་ཀྱིས་རྨ་ཆུའི་རིག་གནས་ཀྱི་དུས་རབས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། རྨ་ཆུའི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས། དེ་ནི་རྨ་ཆུའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ལག་ལེན་བརྒྱུད་རིམ་ཞིག་ཡིན་པ་དང་། རྨ་ཆུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་བྱེད་པའི་རྨ་ཙོང་འགུལ་སྐྱོད་ཐེངས་ཤིག་ཡིན་ལ། རྨ་ཆུའི་གཏམ་རྒྱུད་ཀྱི་མཚོ་སྔོན་ལེའུ་རིག་གནས་བརྒྱུད་སྒྲོག་བྱེད་པའི་རིག་གནས་སློབ་ཁྲིད་ཐེངས་ཤིག་ཡིན། དེ་ལས་རྨ་ཆུའི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་མཚོ་སྔོན་ལེའུ་མགོ་རྩོམ་ཐུབ་པ་དང་། མཚོ་སྔོན་གྱི་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་རེད། 

ཁྲིན་རོས་ཧྥུན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། རྨ་ཙོང་རིག་གནས་ཀྱིས་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་ཡོད་པར་མ་ཟད། ད་ལྟའང་སྔར་བཞིན་བསམ་བློའི་གཟི་འོད་དང་བློ་གྲོས་ཀྱི་སྟོབས་ཤུགས་མ་ཉམས་པར་ཡོད། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་འབེབ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭའི་རིག་གནས་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྨ་ཙོང་རིག་གནས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་ལེགས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རིག་གནས་ཀྱི་ནང་བཅུད་དང་དུས་རབས་ཀྱི་རིན་ཐང་གསར་བ་བསྩལ་ནས། རྨ་ཙོང་རིག་གནས་ཀྱི་ཉིང་བཅུད་འོད་དུ་འཚེར་བར་བྱས་ནས་དེར་འདུས་ཀྱི་དགོངས་དོན་སྙིང་སྟོབས་དང་རིག་གནས་སྤུས་ཚད་མཚོ་སྔོན་གྱི་ས་གཞི་ཆེན་མོར་རྐང་ཚུགས་པར་བྱེད་དགོས་ཟེར། 

ཉའོ་ཁྲིན་ཡུན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མཚོ་ཤར་ནི་རྨ་ཙོང་རིག་གནས་གྱི་འབྱུང་ཁུངས་གཙོ་བོ་དང་རྒྱུན་འཛིན་ས་ཁུལ་ཡིན། ང་ཚོས་རྨ་ཙོང་རིག་གནས་ཀྱི་སྙན་གྲགས་རྒྱས་པར་བྱེད་པ་དང་གསོན་ཤུགས་ལྡན་པར་བྱེད་པ་དང་། མུ་མཐུད་དུ་རྨ་ཆུའི་རིག་གནས་ཀྱི་སྙིང་བོ་སྔོག་འདོན་དང་རྒྱ་བསྐྱེད། ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བསམ་པའི་སྟོབས་ཤུགས་གལ་ཆེན་འདོན་དགོས་ཟེར། 

གླེང་སྟེགས་སྟེང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏིས་མཱ་ཅཱ་ཡི་གཏམ་བཤད་བརྙན་རིས་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་དང་། རྨ་ཆུའི་རིག་གནས་ཀྱི་འཐུས་ཚབ་གྲོང་ཁྱེར་སྐོར་གྱི་འགན་ཁུར་བས་གཏམ་བཤད་སྤེལ། ཡུལ་དངོས་ནས་རྨ་ཆུའི་བཞུར་བརྒྱུད་ཀྱི་གྲོང་ཁྱེར་དག་གི་རིག་གནས་གནས་སྐོར་རོགས་ལས་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཀོད་པར་མ་ཟད། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་མཚོ་ཤར་བསྒྲགས་གཏམ་སྤེལ།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།