བྱིས་པ་འགུལ་རྒྱུར་དགའ་བ་དེ་འགུལ་མང་ནད་རྟགས་ཡིན་ནམ།

བྱིས་པའི་འགུལ་མང་ནད་ནི་བྱིས་པས་སྐྱོན་ཆ་མང་ཞིང་འགལ་རྐྱེན་མང་བར་དོ་སྣང་བྱེད་པའི་སྣང་ཚུལ་ཞིག་རེད། ཁྱིམ་བདག་མི་ཉུང་བ་ཞིག་གིས་རྒྱུན་པར་བྱིས་པ་འགུལ་རྒྱུར་དགའ་བ་ནི་སེམས་ཁམས་ཀྱི་གནད་དོན་ཞིག་ཡིན་པ་དང་། ཡང་ན་སློབ་གསོ་དང་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་སློབ་སྦྱོང་གི་གོམས་གཤིས་ངན་པ་དང་ཡང་ན་བྱ་སྤྱོད་ཀྱི་གནད་དོན་ཞིག་ཡིན་པར་འདོད། དོན་དངོས་ཐོག་དེ་ནི་ལྷན་སྐྱེས་སམ་ཡང་ན་ཕྱིས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཀླད་སྐྱོན་ཆུང་ངུ་ཞིག་བཟོས་པ་རེད།

འགུལ་རྒྱུར་དགའ་བ་ནི་བྱིས་པའི་རང་གཤིས་ཡིན་པ་དང་། ནད་ཐོག་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། བྱིས་པ་མང་ཆེ་བ་ཞིག་ལ་ཟླ་བ18ཀྱི་ནང་ཚུན་དུ་འགུལ་རྒྱུ་མང་བའི་བྱ་སྤྱོད་འབྱུང་གིན་ཡོད་པ་རེད། དུས་རིམ་དེའི་ནང་ཚོར་ཤུགས་དང་འགུལ་སྐྱོད་ནུས་པ་འཕེལ་བའི་སྐབས་ལ་ཁེལ་ཡོད་པས། གལ་ཏེ་དུས་རིམ་དེའི་ནང་སྙོམ་སྒྲིག་བྱེད་མ་ཐུབ་པར་ནོར་འཛོལ་བྱུང་ན། ཚོར་ཤེས་དང་འགུལ་སྐྱོད་བར་གྱི་འབྲེལ་བར་གེགས་རྐྱེན་ཐེབས་ནས། བློ་ཁ་བརྟན་པོ་མིན་པ་དང་ངར་ལངས་སླ་བ། རང་ཉིད་ཀྱི་བྱ་སྤྱོད་བཀག་འགོག་བྱེད་མི་ཐུབ་པ་བཅས་ཀྱི་སྣང་ཚུལ་འབྱུང་བ་རེད། དེའི་སྟབས་ཀྱིས་འགུལ་རྒྱུར་དགའ་བའི་བྱིས་པར་མཚོན་ན། བྱིས་པ་འགུལ་རྒྱུར་དགའ་བའི་དགོས་མཁོ་འོས་ཤིང་འཚམ་པའི་སྒོ་ནས་བསྐང་དགོས་པར་མ་ཟད། ད་དུང་ཚོད་འཛིན་ཡང་བྱེད་དགོས་པ་རེད།

འགུལ་བ་དང་འགུལ་མང་ནད་རྟགས་ཀྱི་དབྱེ་བ་ཇི་ལྟར་འབྱེད་དགོས་སམ།

བློ་རིག་གི་ཕྱོགས་ནས། འགུལ་རྒྱུར་དགའ་བའི་བྱིས་པས་རང་ཉིད་དགའ་བའི་བྱ་དངོས་ལ་བློ་རིག་སྒྲིམ་གྱིན་ཡོད་པས། མི་གཞན་པས་བར་ཆད་བཟོ་བར་སུན་སྣང་སྐྱེ་བཞིན་ཡོད། ཡིན་ཡང་། འགུལ་མང་ནད་རྟགས་ཡོད་པའི་བྱིས་པས་རྩེད་མོ་ཅི་ཞིག་བརྩེས་ཀྱང་རྣམ་ཤེས་གཞན་ལ་གཡེང་ཡོད་པས་བྱ་བ་དེ་མགོ་ཡོད་མཇུག་ཡོད་ཅིག་བསྐྱང་མི་ཐུབ།

རང་ཚོད་འཛིན་པའི་ཕྱོགས་ནས། འགུལ་རྒྱུར་དགའ་བའི་བྱིས་པ་རྣམས་ཆ་མེད་ཀྱི་ཁོར་ཡུག་དང་ཁྱད་པར་ཅན་གྱི་རེ་བའི་འོག་ཏུ་རང་ཉིད་ཚོད་འཛིན་བྱས་ནས་འགུལ་མེད་དུ་སྡོད་ཐུབ་པ་རེད། ཡིན་ཡང་། འགུལ་མང་ནད་རྟགས་ཡོད་པའི་བྱིས་པ་ཙོག་པུར་སྡོད་མི་ཚུགས་པ་རེད།

བྱ་སྤྱོད་ཀྱི་ཕྱོགས་ནས། བྱིས་པ་འགུལ་རྒྱུར་དགའ་བའི་བྱ་སྤྱོད་དེར་རྒྱུ་རྐྱེན་དང་། དམིགས་ཡུལ་ཡོད་པ་ཞིག་ཡིན། ཡིན་ཡང་འགུལ་མང་ནད་རྟགས་ཡོད་པའི་བྱིས་པའི་བྱ་སྤྱོད་དེ་ངར་ཤུགས་རང་བཞིན་དང་དམིགས་ཡུལ་མེད་པ་ཞིག་རེད།

ལུས་ཁམས་ཀྱི་ཕྱོགས་ནས། འགུལ་རྒྱུར་དགའ་བའི་བྱིས་པའི་རིག་པ་རྣོ་ཞིང་འགུལ་སྟངས་རྒྱུན་ལྡན་ཡིན་ལ། ངོས་འཛིན་གསལ་འབྱེད་བྱེད་པའི་སྐྱོན་ཆ་མེད་པ་རེད། ཡིན་ཡང་། འགུལ་མང་ནད་རྟགས་ཡོད་པའི་བྱིས་པར་སློབ་སྦྱོང་གི་ནུས་པ་མི་འདང་བ་མངོན་གསལ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།