“ཀྲུང་གོའི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་གི་ས་གནས་སློབ་ཁྲིད”དང་མཚོ་སྔོན་ཞིང་ཆེན་ཕྱི་དོན་བྱ་བའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དགུ་བ་ཟི་ལིང་དུ་སློབ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས15ཉིན། “ཀྲུང་གོའི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་གི་ས་གནས་སློབ་ཁྲིད”དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་དོན་བྱ་བའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དགུ་བ་ཟི་ལིང་དུ་སློབ་འགོ་བརྩམས་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་སློབ་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་བ་རེད།

ཀྲང་ལིས་ཀྱིས་སློབ་སྦྱོང་གི་གོ་སྐབས་ལ་དམ་འཛིན་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ཏེ་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ། སྤོ་སྒྱུར་ལ་དམིགས་ནས་བློ་སེམས་ཞིབ་མོས་སློབ་སྦྱོང་བྱེད་པ། མཐོ་སར་འགྲེང་ནས་ཕྱི་དོན་བྱ་བར་སྐུལ་འདེད་གཏོང་བ། རང་རྟོགས་ངང་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་བསྟུན་པར་ཞབས་འདེགས་ཞུ་བ་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། འགོ་འཛུགས་ས་མཐོན་པོའི་སྟེང་ནས་མཉམ་ལས་སྤེལ་རེས་ཀྱིས་མངའ་ཁོངས་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་མཐུད་ངང་ཡག་པོར་སྒྲུབ་པ། སྤེལ་རེས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་མཛའ་གྲོགས་གྲོང་ཁྱེར་གྱི་ཐབས་ཇུས་ཇེ་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། བླང་བྱ་ནན་མོ་དོན་འཁྱོལ་བྱས་ནས་བོད་དང་འབྲེལ་བ་ཡོད་པའི་ཕྱི་དོན་བྱ་བ་ཡག་པོ་བསྒྲུབས་ནས་ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། མི་སྣ་འགྲོ་འོང་དང་དངོས་ཟོང་བརྗེ་རེས། ཉམས་མྱོང་སྤེལ་རེས་འགྲེམས་སྟོན་བཅས་ཀྱི་འགག་སྒོ་ནན་མོ་སྲུང་བ། ཚད་གཞི་མཐོན་པོར་དམིགས་ཏེ་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། བློ་སེམས་དཀར་བ་དང་། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་བ་བཅས་ཀྱི་ཕྱི་དོན་བྱ་བའི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་ནས་གྲུབ་འབྲས་མཐོན་པའི་ཕྱི་དོན་བྱ་བ་གཉེར་བའི་དཔུང་ཁག་ཅིག་གཏོད་དགོས་པའི་བླང་བྱ་བཏོན། །

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཕྱི་འབྲེལ་པུའུ་ཡི་ལས་བྱེད་པ་སི་དང་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ། ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་གོའི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་དང་ཞིང་ཆེན་ཏང་ཨུའི་སློབ་གྲྭས་སྒྲུབ་འགན་འཁུར་ཏེ། ཕྱི་འབྲེལ་དཔོན6གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གི་ལས་བགོས་འགན་གཉེར་གྱི་ཕྱི་དོན་བྱ་བའི་འགོ་ཁྲིད་ལས་བྱེད་པ200ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།