མཚོ་སྔོན་ཞིང་ཆེན་གྱི2020ལོའི་མཐོ་རྒྱུགས་སློབ་བསྡུའི་ལས་དོན་ཡོངས་སུ་མཇུག་འགྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ཁང་གི2020ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་སློབ་བསྡུའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། ཟླ9པའི་ཚེས16ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་ལས་དོན་བདེ་བླག་ངང་མཇུག་འགྲིལ་ཡོད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སློབ་བསྡུ་གཞུང་ལས་ཁང་གིས་སློབ་བསྡུའི་ཡིག་རྒྱུགས་ཀྱི“ཀུན་གསལ་བཟོ་འགོད”ལག་ལེན་གཏིང་ཟབ་ལག་བསྟར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡིག་རྒྱུགས་སློབ་བསྡུའི་ལས་དོན་གྱི་བྱེད་ཐབས་ཁག་སྤྱི་འདོམས་དོན་འཁྱོལ་བྱས་ཏེ། སེམས་ནུས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་བསྡུ་སློབ་གླིང་ལ་ཞབས་འདེགས་ཞུས་ནས“དུས་བདེའི་མཐོ་རྒྱུགས་དང་ཀུན་གསལ་སློབ་བསྡུའི”དམིགས་ཚད་མངོན་འགྱུར་བྱས།

ད་ལོར་རྒྱལ་ཡོངས་སུ་མཚོ་སྔོན་དུ་སློབ་མ་བསྡུ་བའི་མཐོ་སློབ་དཀྱུས་མ་ཁྱོན1421ཡོད་པ་དང་ལོ་གོང་མ་ལས193མང་དུ་ཕྱིན། མཚོ་སྔོན་གྱི་སློབ་མ་གསར་པ་ཁྲི5ལྷག་བསྡུས་ཤིང་ལོ་གོང་མ་ལས་མི1800ལྷག་མང་དུ་ཕྱིན་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་མཐོ་རྒྱུགས་ཀྱི་གཅིག་གྱུར་རྒྱུགས་ལེན་སློབ་བསྡུའི་སྒྱུར་བཅོས་ནང་ཐོག་མར་ཞུགས་པ་བདེ་བླག་ངང་དོན་འཁྱོལ་བྱས་པ་དང་། དངོས་གཞིའི་རིམ་ཁག་དང་པོ་དང་རིམ་ཁག་གཉིས་པ་ཟླ་སྒྲིལ་ལས་དོན་ལ་དགོས་ངེས་ཀྱི་ཕན་འབྲས་ཐོབ་ཡོད། 

སློབ་བསྡུའི་ལས་དོན་སྒྲུབ་སྐབས། མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གིས་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ལྟ་སྐུལ་དོ་དམ་གྱི་གོ་རིམ་ཇེ་ནན་དུ་བཏང་ནས་སློབ་གསོ་པུའུ་ཡི་སློབ་མ་བསྡུ་བའི“གཞི་རྩའི་བླང་བྱ་དོན་ཚན་བརྒྱད”དང“བྱེད་མི་ཆོག་པ30”སོགས་ཀྱི་སྲིད་ཇུས་ཀྱི་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་བློ་འདྲིའི་དྲིལ་བསྒྲགས་ཞབས་ཞུ་སྤེལ་བས་སློབ་བསྡུའི་ལས་དོན་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་སློབ་བསྡུའི་ལས་དོན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།