ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན། རྩོམ་ཡིག་གི་ཤིས་ཚིག་བཅས་ཀྱི་དགོངས་དོན་དང་། བློ་མཐུན་ཝང་དབྱང་གིས་མཚོ་སྔོན་དུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བགྱིས་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ཐོག་བསྟན་དོན། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་དེ་ནི་གཟེངས་བསྟོད་ཚོགས་འདུ་ཞིག་དང་། ཕྱོགས་བསྡོམས་ཚོགས་འདུ་ཞིག སྐུལ་སློང་ཚོགས་འདུ་ཞིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ནང་དོན་གྱི་ངོ་བོ་དང་། ཚེ་སྲོག་བླ་ན་མེད་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། རྒྱལ་ཡོངས་བློ་ཁ་གཅིག་མཐུན། ཚེ་སྲོག་བློས་གཏོང་ཕོད་པ། ཚན་རིག་ལ་བརྩི་བཀུར། ལས་དབང་མཉམ་གནས་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་རིམས་འགོག་འཐབ་རྩོད་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་གལ་ཆེན་དང་བློ་སྒོ་འབྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱ་རྒྱུ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་བསྒྲུབ་པ། སྟོན་དགུན་གྱི་རིམས་ནད་འགོག་སྡོམ་ལས་དོན་དམ་འཛིན་ནན་མོ་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ75འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་། ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན། 2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་གནང་བའི་ཤིས་ཚིག་བཅས་ཀྱིས་ང་ཚོས་མཚོ་སྔོན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བསྟན།
ཚོགས་འདུའི་ཐོག་ནན་གསུང་གནང་དོན། བློ་མཐུན་ཝང་དབྱང་མཚོ་སྔོན་དུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད། བློ་མཐུན་ཝང་དབྱང་གིས་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ལམ་བུ་ཁ་གསལ་བཟོ་བ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་དང་མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བའི་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་ངོས་འཛིན་ལ་བརྟེན་ནས་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པ། རྒྱལ་ཁབ་ཆེན་པོའི་སྙིང་སྟོབས་སེམས་ལ་འཆང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལས་དོན་དངོས་སྒྲུབ་པ་དང་། བྱེད་ཐབས་དངོས་འདོན་པ། བྱས་རྗེས་དངོས་འཇོག་པ། ཕན་འབྲས་དངོས་ཐོན་པར་བྱས་ཏེ། མཚོ་སྔོན་གྱི་བོད་འབྲེལ་ལས་དོན་གསར་གཏོད་ལག་ལེན་བྱེད་པའི་ཚད་ལོན་རྒྱུགས་ཤོག་སྤྲོད་དགོས་ཞེས་གསུངས།
གྲོས་ཚོགས་ཐོག《འབུར་ཐོན་གྱི་བྱ་སྤྱོད་གནས་དོན་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་འགུལ་སྤྱོད་སྤེལ་རྒྱུའི་བརྡ་ཐོ》དང་། 《འདུམ་གཅོད་ལམ་ལུགས་འཐུས་ཚང་དུ་བཏང་ནས་འདུམ་གཅོད་གྱི་སྤྱི་བའི་ཡིད་རྟོན་ནུས་པ་མཐོར་འདེགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ།》 《གྲོང་ཁྱེར་དང་ཁུལ་ཏང་ཨུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)མགོ་ཁྲིད་ཚན་ཁག་གི་ཁོངས་མིས་འགན་འཁྲི་དང་བྱ་སྤྱོད་ཞིབ་བརྗོད་བྱེད་ཐབས》བཅས་ལ་གྲོས་ཞིབ་གནང་བ་དང་། དོན་དག་གཞན་དག་ལའང་ཞིབ་འཇུག་མཛད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།