དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འབྱུང་བཞིན་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བ།

4c3094be4468ca56897e8f3d486d6c8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པ། བདེ་ལེགས་མཚོ། རིག་འཛིན་ཚེ་རིང་། ཟླ9པའི10ཉིན་གྱི་ཕྱི་དྲོ། སྐབས་གཉིས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་མཉམ་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་ལ་ཞུགས་པའི་གསར་འགོད་པ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བར་སོང་ནས་ཆེད་དོན་བཅར་འདྲི་བྱས།


མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་ནི་ཐུན་ཏེ་རྫོང་གི་མཁར་གསར་ཁུལ་དུ་ཆགས་ཡོད། སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སློབ་གྲྭ་འདི 2019ལོར་འཛུགས་མགོ་བརྩམས། ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་བཅས་རིམ་པ་ནས་མ་དངུལ་ཁྱོན་བསྡོམས་སྒོར་བྱེ་བ9དང་ས་ཡ9ལྷག་བཏང་ནས། སྣ་འཛོམས་ཐོག་ཁང་གཅིག་དང་སློབ་ཁྲིད་ཐོག་ཁང་གཅིག མལ་ཁང་གི་ཐོག་ཁང་གཉིས། རྩལ་སྦྱང་ར་བ་སོགས་འཛུགས་སྐྲུན་བྱས་ཏེ། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་ཡོངས་སུ་ཚང་ཞིང་གསོན་ཤུགས་ཀྱིས་བརྟས་པའི་སློབ་གྲྭ་གསར་བ་ཞིག་ཏུ་ཆགས་ཡོད་པ་མ་ཟད། ད་ལྟ་མཐོ་རྒྱུགས་བཅོས་བསྒྱུར་ལ་དམིགས་ནས་ཐོག་ཁང་གསར་བ་ཞིག་ཀྱང་འཛུགས་སྐྲུན་བྱེད་བཞིན་ཡོད།


སློབ་སྟོན་ཁྲུའུ་ཡི་ཀྲུའུ་རིན།  ལྷ་མགོན།

སློབ་གྲྭ་འདི་ནི་གསར་དུ་བཙུགས་པའི་སློབ་གྲྭ་ཞིག་ཡིན་པས། མིག་སྔར་མཐོ་གསུམ་འཛིན་གྲྭ་གཅིག་དང་མཐོ་གཉིས་འཛིན་གྲྭ་གཅིག མཐོ་གཅིག་འཛིན་གྲྭ་བདུན་བཅས་ལས་མེད། སློབ་གྲྭ་འདིར་བོད་རིགས་དང་རྒྱ་རིགས། ཧའེ་རིགས་བཅས་མི་རིགས་སོ་སོའི་སློབ་མ་ཡོད་པ་དང་། སློབ་ཁྲིད་བྱེད་སྟངས་ལའང་རྒྱ་ཡིག་གཙོ་བོར་བཟུང་བའི་སློབ་ཁྲིད་བྱེད་ཐབས་དང་བོད་ཡིག་གཙོར་བཟུང་ནས་སློབ་ཁྲིད་བྱེད་ཐབས། རྒྱ་བོད་ཡིག་རིགས་གཉིས་མཉམ་འདྲེས་ངང་སློབ་ཁྲིད་བྱེད་པའི་སློབ་ཁྲིད་བྱེད་ཐབས་བཅས་རྣམ་པ་གསུམ་ཡོད། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་སློབ་ཁྲིད་ཀྱི་སྤུས་ཚད་ལ་དམིགས་ནས་སྐྱེ་དངོས་ཚོད་ལྟ་ཁང་དང་རྫས་འགྱུར་ཚོད་ལྟ་ཁང་། དངོས་ལུགས་ཚོད་ལྟ་ཁང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་། གློག་རྡུལ་ས་ཁྲ། ནུས་མང་སློབ་ཁང་སོགས་སློབ་སྒྲུབ་ཆ་རྐྱེན་ཡོངས་སུ་ཚང་བར་འཛུགས་སྐྲུན་བྱས་ཡོད།

a0768280fd97022c75ed1efca7c7f5c.jpg

b3cb921c9dee26be7950b34aa5dfb54.jpg

སློབ་གྲྭ་འདི་ནི་མཚོ་ལྷོ་ཁུལ་ཆེས་གསར་དུ་བཙུགས་པའི་སློབ་གྲྭ་ཞིག་ཡིན་པས། སློབ་གྲྭའི་དོ་དམ་དང་སློབ་ཁྲིད་བྱེད་སྟངས། སློབ་མ་སྐྱོང་ལུགས་སོགས་ཕྱོགས་གང་གི་ཐད་ནས་ཀྱང་། སློབ་གྲྭ་གཞན་པའི་ལེགས་ཆ་བསྡུ་ལེན་བྱས་པ་གཞིར་བཟུང་ནས་རང་གི་ཁྱད་ཆོས་འབུར་དུ་བཏོན་ཡོད་པ་མ་ཟད། རིམ་བཞིན་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཞིབ་ཚགས་ཅན་གྱི་ཕྱོགས་སུ་བརྩོན་ལེན་བྱེད་བཞིན་ཡོད། སྒོས་སུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་མཐུན་སྒྲིལ་གྱི་འདུ་ཤེས་སོགས་གཙིགས་སུ་བཟུང་ནས། མི་རིགས་མཐུན་སྒྲིལ་གྱི་བྱ་བའང་གང་ལེགས་གིས་སྒྲུབ་བཞིན་ཡོད་ཅིང་། སློབ་གྲྭས་ལས་གནས་ལ་དགའ་ཞེན་ཡོད་པ་དང་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་མང་པོ་ནང་འདྲེན་བྱས་ཏེ། དཔལ་ཡོན་ལྡན་པའི་སློབ་རའི་རིག་གནས་འཛུགས་སྐྱོང་བྱེད་པ་དང་། “སློབ་མ་ཐམས་ཅད་ཆེས་ལེགས་པའི་རང་ཉིད་དུ་འགྱུར་བ་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི”སློབ་སྒྲུབ་འདུ་ཤེས་སྐྱེད་སྲིང་བྱེད་པར་སྟོབས་ཤུགས་འདོན་བཞིན་ཡོད་པས། སློབ་མ་ཚང་མར་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་དང་ཤེས་ཡོན་ཡོད་པ། ཀུན་སྤྱོད་ལྡན་པ། ཁ་དན་ཚིག་ལ་གནས་པ། ཕུགས་འདུན་ཡོད་པར་སྐྱེད་སྲིང་བྱས་ཏེ། མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པར་གསོན་ཤུགས་ཀྱིས་ཕྱུག་པའི་དཔེ་སྟོན་སློབ་འབྲིང་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད། །

3920203c282903cf50b7adeaea36b77.jpg

f3679a402e11261ee4ac0c46ad1b11a.jpg

fa533fb2794033b8291bd09763047a2.jpg

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།