ཞིན་ཁྲང་ཞིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་བཟང་ལ་ཆུ་ཚད་མཐོ་བའི་སྒོ་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་ཡག་པོར་སྒྲུབ་དགོས་པར་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་མཚོ་སྔོན་གཡང་འཛོམས་སྨན་ལས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་དུ་ཕེབས་ཏེ། མཚོ་སྔོན་ཧི་མ་ལ་ཡའི་སྲོག་ཆགས་ཚོད་ལྟའི་ལྟེ་གནས་དང་བོད་སྨན་སྨན་གསར་གསར་སྤེལ་ཁེ་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན། ཚན་རིག་ཞིབ་འཇུག་ལས་དོན་སྤེལ་ཚུལ་བཅས་ལ་རྟོག་ཞིབ་གནང་བ་རེད། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་སྒྲུབ་ལན་སློག་རྒྱུའི་གྲོས་མགོ་འདོན་པའི་ལས་དོན་གྱི་ངོ་ཐུག་ཚོགས་འདུ་གཙོ་སྐྱོང་མཛད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་སྒོ་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་མགོ་ཡག་པོ་སྒྲུབ་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཁྲང་ཞིང་གིས་བསྟན་དོན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་མགོ་སྒྲུབ་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་ཡིན་པ་དང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་དགོས་པའི་ནང་དོན་གྱི་སྙིང་པོ་ཡང་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་སྤུས་ཚད་མཐོ་རུ་གཏོང་བ། རིན་ཐང་ལྡན་ཞིང་སྤུས་ཚད་མཐོ་བའི་གྲོས་མགོ་དེ་བསྒྱུར་བཅོས་ཟབ་སྤེལ་དང་། དཀའ་གནད་སྒྲོལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་གང་ཐུབ་བྱས་ནས། གྲོས་མགོ་སྒྲུབ་རིམ་དེ་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་རིམ་དུ་བསྒྱུར་བ་དང་། གྲོས་མགོ་བཏོན་པ་རྣམས་དངོས་གནས་དྲང་གནས་ཡག་པོ་བསྒྲུབས་ནས་འཐུས་མིའི་བློ་ཡིད་ཚིམ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་བསྟན།  

ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི“ཐོན་ཁུངས་བསྡུ་སྒྲིལ་དང་སྒྲིག་སྲོལ་མཐུན་སྦྱོར་བྱས་ཏེ་བོད་སྨན་སྨན་གསར་གསར་སྤེལ་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ངེས་ཅན་ལྡན་པའི་གསར་གཏོད་མཐོ་ས་ཞིག་ཏུ་བསྐྲུན་རྒྱུའི་སྐོར་གྱི་གྲོས་མགོ”དེ་དོན་དངོས་དང་མཐུན་ཞིང་། དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཤུགས་དྲག་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཁ་ཕྱོགས་ས་བཞི”མཐའ་འཁྱོངས་དང་། དགོས་མཁོའི་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་བཟོ་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱེད་པ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་བསྡུ་རུབ་བྱས་ནས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དེ་རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་པ་དང་། ཕུལ་བྱུང་ཚན་རྩལ་ཤེས་ལྡན་པ་བསྡུ་རུབ་དང་གསོ་སྐྱོང་བྱེད་པ། ཚན་རྩལ་སྤེལ་རེས་བྱེད་པ་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་འཕེལ་རྒྱས་གཏོང་བ་དང་། ལག་རྩལ་ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་བ། ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་ཀྱི་སྣེ་ཁྲིད་མཁན་ལ་སྣེ་ཁྲིད་བྱེད་དགོས། 

ཧྲིན་ཀྲང་གཞོན་པ་ཀྲང་ལི་ལྷན་དུ་རྟོག་ཞིབ་གནང་བ་དང་འབྲེལ་ངོ་ཐུག་ཚོགས་འདུ་ལའང་ཕེབས་པ་རེད། ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོས་མགོ་བསྒྲུབས་ཚུལ་སྙན་སེང་ཞུས་པ་དང་། དམངས་འཐུས་ཚོགས་ཆེན་གྱིས་འཐུས་མིས་བསྒྲུབས་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།