མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་རིགས་ཀྱི་རྒྱལ་སྤྱིའི་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོར་ལག་བསྟར་བྱེད་འགོ་ཚུགས་ཤིང་མ་དངུལ་ཨ་སྒོར་ཁྲི2100བཏང་བའི “UNDP-GEFམཚོ་སྔོན་པོ-མདོ་ལ་རི་བོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་ས་ཁུལ་མ་ལག་ལ་ཤུགས་སྣོན་བྱེད་པའི་རྣམ་གྲངས”ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། རྣམ་གྲངས་དེ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ(UNDP)དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་རྒྱབ་སྐྱོར་ཆེན་པོའི་འོག  རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རི་ཆུ་ནགས་ཞིང་མཚེའུ་རྩྭའི་མ་ལག་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གཙོ་གནད་ལས་དོན་ཁྱབ་ཁོངས་ལ་དམིགས་ཏེ་སྡེ་ཁུལ་སྲུང་སྐྱོང་དཔེ་སྟོན་ནང་ཞུགས་པ་དང་། མཉམ་འགུལ་རང་བཞིན་གྱི་རང་བྱུང་སློབ་གསོ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྟོང་ཆར་དབྱེ་ཞིབ་སོགས་བྱེད་ཐབས་བརྒྱུད་ནགས་རྩྭའི་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད།  རྣམ་གྲངས་ཀྱིས་རྩེ་རིམ་ཇུས་འགོད་དང་གཞི་རིམ་གསར་གཏོད་ཟུང་འབྲེལ་བྱས་ཤིང་། གསའ་དང་དགོ་དམར་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག མདོ་ལ་རི་བོ་དང་མཚོ་སྔོན་པོའི་ས་ཁུལ་གྱི་མཛེས་ལྗོངས་མ་ལག་སྔར་བས་ཉམས་གསོ་དང་སྲུང་སྐྱོང་བྱས་ནས་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་སྲུང་སྐྱོང་ཁུལ་དོ་དམ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བསམ་ཕྱོགས་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་དཔེ་སྟོན་དང་དཔྱད་གཞི་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།