མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་བོད་སྨན་སྨན་བཟོའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས་7ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་གླིང་ལས་དོན་ཨུ་ལྷན། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་དྲུག་པའི་ལས་བཟོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་བོད་སྨན་སྨན་བཟོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་ཁུལ་དུ་འགོ་ཚུགས་པ་རེད།

ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་བོད་སྨན་བཟོ་བའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་བོད་སྨན་སྨན་བཟོའི་ལས་རིགས་ཀྱི་ལས་བཟོའི་དཔུང་ཁག་གི་ལག་རྩལ་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ནས་གསར་གཏོད་རྣམ་པ་དང་། རྩལ་ནུས་རྣམ་པ། བྱང་ཚད་མཐོ་བ་བཅས་ཀྱི་ཀྲུང་ལུགས་བོད་སྨན་སྨན་བཟོའི་ལས་རིགས་ཀྱི་ཕུལ་བྱུང་ཐོན་ལས་བཟོ་པའི་དཔུང་ཁག་སྐོར་ཞིག་སྐྱེད་སྲིང་བྱ་རྒྱུར་དམིགས་པ་ཡིན་ལ། དེར་བརྟེན་ནས་ཀྲུང་ལུགས་བོད་ལུགས་གསོ་རིག་གི་སྨན་བཟོའི་ལས་རིགས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་གྲུབ་ཆ་ཇེ་ལེགས་སུ་བཏང་སྟེ་ཀྲུང་ལུགས་བོད་ལུགས་གསོ་རིག་གི་ཐོན་ལས་ཧྲིལ་པོའི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ནང་སྨན་རྫས་ཞིབ་དཔྱད་ཚད་ལེན་དང་དབྱེ་ཞིབ་ཀྱི་རྩལ་ནུས་དང་། བོད་སྨན་གྱི་སྨན་རྒྱུ་དབྱེ་འབྱེད། རིལ་བུ། སྒམ་བླུགས་འཕྲུལ་འཁོར་གྱི་གློག་སྐུད་མཐུད་ཆས་བཅས་ལས་རིགས་མི་འདྲ་བ་བཞི་འགྲན་བསྡུར་ནང་བཀོད་སྒྲིག་བྱས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་བོད་སྨན་ལས་རིགས་ཀྱི་ལས་བཟོ་73འགྲན་བསྡུར་ནང་ཞུགས་ཡོད་པ་དང་། དུས་ཡུན་ཉིན་གསུམ་གྱི་རིང་ལ་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་རིགས་པའི་གཞུང་ལུགས་རྒྱུགས་ལེན། རྩལ་ནུས་ལུས་སྦྱོང་བཅས་རིམ་པ་གསུམ་དུ་དབྱེ་ཡོད། ཉིན་གསུམ་རིང་གི་འགྲན་བསྡུར་བྱས་པ་བརྒྱུད་འགྲན་ཞུགས་པ16ལ་ཐེངས་འདིའི་འགྲན་བསྡུར་ཁྲོད“ལག་རྩལ་རྩེ་གྲ”དང“ལག་རྩལ་གྲགས་ཅན”“ལག་རྩལ་མཁས་ཅན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།