དབྱང་ཀྲི་ཝུན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། འོས་འགན་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་དང་སློབ་གསོ་དྲང་གཞག་ཏུ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ས་གནས་དང་སྡེ་ཁག་སོ་སོས་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། འོས་འགན་སློབ་གསོ་དེ་སྤུས་ཚད་སྔར་ལས་མཐོ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།