རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་ཐོན་ཁུངས་བཀག་བསྐྱིལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་དྲུག་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཝུའེ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། “རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་ཐོན་ཁུངས་བཀག་བསྐྱིལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུའི”ལས་དོན་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་རིང་རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་ནས། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་ལག་བཀག་བསྐྱིལ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་ལས་གཞན། བཞུགས་མོལ་ཚོགས་འདུ་བསྡུས་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་སྲིད་གྲོས་མི་ཤུགས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “མ་ཡུམ་གཙང་པོར་སྲུང་སྐྱོབ་དང་བདེ་སྐྱིད་ཆུ་བོ་བསྐྲུན་པའི”ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་དགོས་ལ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།