ཞིང་ཆེན་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་མ་ཐག་རང་ཞིང་གིས་དེར་མཐུད་ནས་ཞིང་ཆེན་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། བྱ་བ་དོན་འཁྱོལ་བྱེད་པར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱ་བའི་འཕེལ་རིམ་ཁྱབ་བསྒྲགས་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཀྲང་ལིས། དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པར་རྒྱས་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཤུགས་ཆེན་པོས་སྤེལ་ཡོད། ལྷག་པར་དུ་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ལྷག་ཏུ་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་དེ་འགལ་རྐྱེན་དང་དཀའ་ངལ་སེལ་བའི་གོ་རིམ་གལ་ཆེན་དུ་བརྩིས་ནས། གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལ་དམིགས་ཏེ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་རྒྱུན་མ་ཆད་པར་བསྐྱེད་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བར་ཡར་སྐུལ་བྱས་ཡོད།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། དེང་སྐབས་སྔར་མེད་ཀྱི་འགྲན་རྩོད་དང་འཕྲད་ཡོད་པས། བསམ་བློའི་གོ་རྟོགས་ཇེ་མཐོ་དང་བཅོས་སྒྱུར་གྱི་བརྩོན་སེམས་ཇེ་ཆེར་བཏང་སྟེ། དོན་དངོས་དང་སྦྲེལ་ནས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་ཇུས་འགོད་ནན་མོ་བྱེད་དགོས་ལ། ལས་ཞུགས་བརྟན་པར་བྱེད་པ་དང་དམངས་ཚིས་སྲུང་བ། ཁྲོམ་ར་སྲུང་བ་བཅས་ཀྱི་གཙོ་གཞི་དམིགས་བསལ་དུ་བརྩིས་ཏེ། ཆེ་ཕྱོགས་སྲིད་ཇུས་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཉིས་ཆར་པ་ཆུ་གྲོགས་སུ་འགྱུར་བར་བྱས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་པ་བརྒྱུད་གློད་པ་ལས་གསོན་ཤུགས་དང་གསར་གཏོད་ནུས་ཤུགས་འབྱུང་བ་དང་། སྡོམ་པ་ལས་འདྲ་མཉམ་དང་སྤུས་ཚད་ཐོན་པ། ཞབས་ཞུ་ལས་སྟབས་བདེ་དང་ཁེ་ཕན་ཐོབ་པ་བཅས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་བསྐྲུན་ཏེ། འཁོར་སྐྱོད་གཉིས་ཀྱི་འཕེལ་རྒྱས་གསར་པའི་རྣམ་པ་བསྐྲུན་པར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས། བསྟུད་མར་གནད་འཁེལ་ཤུགས་འདོན་གྱིས་ཟབ་སྤེལ་བྱ་བ་བཟང་པོར་སྒྲུབ་སྟེ། བཅོས་སྒྱུར་བྱེད་ཐབས་ཆ་ཚང་གཅིག་འདུས་དང་མཐུན་སྦྱོར་ཕན་མཐོ་ཡོང་བར་ཤུགས་བསྣན་ནས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དེ་རིམ་པ་སྔར་ལས་ཟབ་མོ་དང་ཆུ་ཚད་སྔར་ལས་མཐོན་པོའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་དོན་འཁྱོལ་ལེགས་འཛིན། བྱེ་བྲག་གི་ལས་འགན་ནན་དཀྲི་ཞིབ་སྒྱུར་བཅས་བྱས་ཏེ། དུས་ཚོད་དང་ལས་འགན། བླང་བྱ་བཅས་གཏན་ཁེལ་གསལ་པོ་བྱས་ནས། དུས་ལྟར་བཀོད་སྒྲིག་སྐུལ་སྤེལ་དང་། ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་དགོས།  ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འཚོལ་ཞིབ་གསར་གཏོད་བྱེད་ཕོད་པར་བྱེད་པ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ། གཟེར་འདེབས་སྙིང་སྟོབས་བཅངས་ནས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ལ་ཕན་འབྲས་སྔར་ལས་ཆེན་པོ་ཐོབ་པར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་མཚོ་སྔོན་གསར་པའི་དེང་རབས་ཅན་གྱི་བགྲོད་ལམ་གསར་པ་འབྱེད་པར་སྟོབས་ཤུགས་གསོག་དགོས་ཟེར།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།