ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་མངའ་ཁོངས་སུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་དོན་གྱི་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་མངའ་ཁོངས་སུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་མངའ་ཁོངས་སུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་དོན་གྱི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པར་མ་ཟད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་བྱ་བའི་སྙན་ཞུར་ཉན་པ་དང་། རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། འབྲི་ཆུའི་འབབ་རྒྱུད་དུ་ཉ་འཛིན་པར་བཀག་སྡོམ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཉམ་དུ་སྲུང་སྐྱོང་ཆེན་པོ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། མ་ཡུམ་ཆུ་བོ་འབྲི་ཆུར་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། བུ་རབས་ཚ་རྒྱུད་ལ་བསམ་བློ་གཏོང་བ་དང་ཕུགས་ལ་བསམ་བློ་གཏོང་བ། བྱས་རྗེས་དེང་སྐབས་བཞག་ན་ཕན་འབྲས་བསྐལ་བརྒྱར་ཐོན་པ་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འོས་འགན་ཡིན། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་ཞིག་ཡིན་ཞིང་། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེ་ལ་དམིགས་བསལ་ཡིན་པས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་མཐོ་ཚད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་ཡག་པོ་བྱེད་དགོས། ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཚད་མཐའི་བསམ་བློ་བསྐྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ཏེ། འབྲི་ཆུའི་རྒྱུད་དུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པར་བྱས་རྗེས་འཇོག་དགོས་ཟེར།

ཚོགས་འདུའི་ཐོག་འབྲི་ཆུའི་རྒྱུད་དུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་འགན་ཁག་ཆད་ལུས་མེད་པར་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས། སྲིད་ཇུས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐེར་འདོན་ལ་བྱ་དགའ་སྤྲོད་པའི་ལམ་ལུགས་འཛུགས་པ། མང་ཚོགས་ཟབ་ཞུགས་ཀྱི་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱིས་སྔོན་འགོག་དང་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ།“འཛིན་མི་ཕོད་པ་དང་འཛིན་མི་ཐུབ་པ། འཛིན་མི་འདོད་པ”བཅས་ཀྱི་སྤྱི་ཚོགས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་སྒོས་བསྐྲུན་དགོས། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ལྷུ་ཚིགས་དམ་འཛིན་བྱས་ཏེ་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། རྡུང་རྡེག་ཚ་ནན་དང་ཞིབ་བཤེར་ནན་མོ་བྱེད་ཤུགས་ཆེ་རུ་བཏང་ནས། འབྲི་ཆུའི་འགོ་ཁུངས་སུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ལས་དོན་གྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།