“མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡི་ཕན་འབྲས་རྒྱ་ཆེར་འགྲོ་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་རིགས་གཅིག་རྒྱས་ན་ལས་རིགས་མང་པོ་རྒྱས་ཐུབ་ལ། ལས་རིགས་གཅིག་དར་ན་ལས་རིགས་མང་པོ་དར་ཐུབ་ཅེས་པའི་བཤད་སྲོལ་ལྟར། “མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡིས་ཡུལ་སྐོར་ལས་རིགས་ལ་སྣེ་ཁྲིད་རང་བཞིན་ཅུང་དྲག་པོ་ལྡན་པ་ཚང་མར་ཤེས་སུ་བཅུག བྱ་འགུལ་གྱི་སྣེ་ཁྲིད་དང་འགྱེད་འཕྲོའི་ཕན་འབྲས་སྔར་བས་རྒྱ་བསྐྱེད་ཆེད། ཟླ5པའི་ཚེས19ཉིན། མཚོ་སྔན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཚོགས་ར་གཙོ་བོའི་བྱ་འགུལ་སྤེལ་མགོ་བརྩམས་ཏེ། མང་ཚོགས་ཕྱིར་ཡུལ་སྐོར་ལ་འགྲོ་བར་སྣེ་ཁྲིད་བྱས་ནས་འཛད་སྤྱོད་ཇེ་མང་དུ་བཏང་བ་དང་མཉམ་དུ། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ཡིད་ཆེས་ཡང་བསྐྱར་ཇེ་ཆེར་བཏང་སྟེ། ཚང་མར་བརྩོན་པ་བསྐྱེད་ནས་དཀའ་ཁག་ལས་བརྒལ་དགོས་པའི་སྐུལ་མ་བཏང་། བྱ་འགུལ་སྤེལ་བའི་ཉིན་དེར་ཞིན་ཧྭ་སྤྲིན་སྣེ་ཐད་གཏོང་དུ་ལྟ་མཁན་མི་ཐེངས་ཁྲི110ལ་སླེབས།

ཟླ6པའི་ཚེས25ཉིན། “རྨ་ཆུ་རིང་མོ། རྨ་ཙོང་རིག་གནས།”ཞེས་པའི་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱ་འགུལ་གཟབ་རྒྱས་ངང་སྤེལ་མགོ་བརྩམས། དོན་ཆེན་བཞི་ཡི་ནང་དོན83པོས་དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་དུས་མཉམ་དུ་ཤེད་ཤུགས་བཏོན་པ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་འདོད་པ་སློང་བ་དང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་བསྐྱེད་པ། “རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང”གི་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱེད་པ་བཅས་དམིགས་འབེན་དུ་བརྩིས་ཏེ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བར་སྟོང་རྒྱ་བསྐྱེད་ཅིང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་ཡོད་ཚད་འདོན་སྤེལ་བྱས་པས། རིག་གནས་ཡུལ་སྐོར་ལ་གསོན་ཤུགས་རྒྱས་པ་དང་ལུས་རྩལ་འགུལ་དུ་བཅུག་ལ། འཛད་སྤྱོད་རྒྱུག་པོར་བཏང་བ་རེད། དེ་ནི་ཞིང་ཆེན་ཡོངས་མཉམ་དུ་འགུལ་བ་དང་དམངས་ཡོངས་ཀྱིས་སྤྲོ་སྐྱིད་མཉམ་རོལ་བྱེད་པའི་དམངས་ཕན་འཛད་སྤྱོད་བྱ་འགུལ་ཞིག་རེད།

དཔལ་འབྱོར་བསྐྱར་དར་ལ་སྣེ་ཁྲིད་བྱས་པ་དང་། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པ་ལས་གཞན། “མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡིས་མཚོ་སྔོན་གྱི་རིག་གནས་ཡིད་ཆེས་མཚོན་པའི་ཕྱོགས་ནས་ཀྱང་ཧ་ཅང་ཆེ་བའི་རིན་ཐང་མངོན། ཚེ་རིང་ཐར་གྱིས་བཤད་རྒྱུར། མཚོ་སྔོན་གྱི་རིག་གནས་ནི་མཚར་སྡུག་འོད་སྟོང་འབར་ལ་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་རབ་དང་རིམ་པ་འོས་སྦྱོར་བྱས་པ་བརྒྱུད་ནས། མཚོ་སྔོན་པར་མཚོ་སྔོན་ལ་བལྟ་རུ་བཅུག་པ་དང་མཚོ་སྔོན་པ་མཚོ་སྔོན་ལ་དགའ་རུ་འཇུག་པའི་བྱ་འགུལ་གྱི་དོན་སྙིང་མངོན་འགྱུར་བྱས། དེ་ལྟར་བལྟས་ན། “མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”དེ་ནི་ལས་གཞི་ཞིག་ཏུ་གྱུར་པ་ལས་གཞན། མ་ལག་བཟོ་འགོད་ཅིག་ཏུའང་གྱུར་འགྲོ་བས། མི་སྔར་བས་མང་པོ་ཞིག་ལ་ཡུལ་སྐོར་བྱེད་པའི་གོ་རིམ་ཁྲོད་དུ་རིག་གནས་ལ་བལྟ་རུ་འཇུག་པ་དང་རིག་གནས་ལ་ཉམས་ལེན་བྱེད་དུ་འཇུག་པ། རིག་གནས་འདིའི་རིགས་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཏེ་རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་ཐུབ་ཟེར།

ཚེ་རིང་ཐར་གྱིས། “མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་རྒྱུ་སྤུས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བར་སྣེ་ཁྲིད་བྱས་ཡོད་པར་སྙམ། ཁོས་བཤད་རྒྱུར། མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་རུང་མཛེས་སྤྲས་དང་གསར་སྐྲུན། འོས་སྦྱོར་བཅས་བྱས་པ་མི་འདང་བས། ས་ཆ་མང་ཆེ་བའི་མི་རྣམས་ཀྱིས་མཚོ་སྔོན་མི་ཤེས་པས་ཡུལ་སྐོར་པ་འགུགས་ཐུབ་ཀྱིན་མེད། ཐེངས་འདིའི་བྱ་འགུལ་བརྒྱུད་ནས། ས་ཆ་སོ་སོས་མཐོང་ཆེན་བྱེད་མགོ་བརྩམས་པར་མ་ཟད་རང་ཉིད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྐྱར་དུ་སོ་སོར་འབྱེད་པ་དང་འོས་སྦྱོར་བྱེད་པ། རང་ཉིད་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་པར་དོ་སྣང་བྱས་ཏེ། མི་སྔར་བས་མང་པོ་ཞིག་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དེ་ནི་གོ་སྐབས་ཤིག་རེད། དུས་མཚུངས་སུ། འདིས་རང་ཞིང་གི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་ལ། ཐོན་ཁུངས་ཧུར་པོར་བཏང་སྟེ། མི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་བསྐྲུན་ཞིང་འོས་སྦྱོར་བྱས་པས། རྒྱལ་ནང་ཡུལ་སྐོར་དང་ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་སྔར་བས་ལེགས་པོར་བསྒྲུབ་པར་འཕེལ་རྒྱས་ཀྱི་རྨང་གཞི་ཧ་ཅང་བཟང་པོ་ཞིག་བཏིང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།