མཚོ་སྔོན་ནི་དབྱར་གནང་གི་སྐབས་སུ་ཕ་མ་བུ་ཕྲུག་གི་ཡུལ་སྐོར་བྱེད་མཁན་ཆེས་མང་བའི་གྲས་སུ་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན། ཞེ་ཁྲེན་དྲ་བས་གསར་དུ་ཁྱབ་སྒྲོག་བྱས་པའི《2020ལོའི་དབྱར་གནང་གི་སྐབས་སུ་ཕ་མ་བུ་ཕྲུག་གི་ཡུལ་སྐོར་བྱེད་མཁན་ཆེས་མང་བའི་སྙན་ཞུ》ལྟར་ན།ཞིང་ཆེན་བརྒལ་བའི་ཡུལ་སྐོར་སླར་གསོ་བྱས་པའི་ཚུན་དུ། སློབ་མ་དང་ཁྱིམ་བདག་གི་ཡུལ་སྐོར་སྤྲོ་སེམས་མྱུར་མོར་འཕེལ་བ་དང་། མཚོ་སྔོན་དང་ཟི་ལིང་གཉིས་ཀ་དབྱར་གནང་སྐབས་སུ་ཕ་མ་བུ་ཕྲུག་གི་ཡུལ་སྐོར་བྱེད་མཁན་ཆེས་མང་བའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་ཡི་སྔོན་གྲས་སུ་ཚུད་ཡོད།

སྙན་ཞུ་དང་ཁྱབ་སྒྲོག་བྱས་པའི《དབྱར་གནང་སྐབས་སུ་ཕ་མ་བུ་ཕྲུག་གི་ཡུལ་སྐོར་བྱེད་ཡུལ་གྱི་མི་ཚོགས་ཆེས་མང་བའི་ཨང་རིམ》དང་། ཞེ་ཁྲེན་རང་དབང་འགུལ་སྐྱོད་དང་ཚོགས་ཞུགས་ཡུལ་སྐོར། གཏན་འཁེལ་ཡུལ་སྐོར་སོགས་སྤྲོ་གསེང་ཐོན་རྫས་མངག་ཉོ་བྱས་པའི་མི་གྲངས་ལ་བལྟས་ན། “2020ལོའི་དབྱར་གནང་སྐབས་སུ་བྱིས་པ་འཁྲིད་ནས་ཡུལ་སྐོར་བྱེད་ཡུལ་གཙོ་བོ་བཅུའི་སྔོན་གྲས་སུ་ཚུད་པའི་ཞིང་ཆེན་ནི”ཡུན་ནན་དང་སི་ཁྲོན། ཀོས་ཀྲོའུ། ཧའེ་ནན། ཀོང་ཏུང་། ཧྲན་ཞི། མཚོ་སྔོན། ཀྲེ་ཅང་། ཧུའུ་ནན། ཀོང་ཞི་བཅས་རེད། “2020ལོའི་དབྱར་གནང་སྐབས་སུ་བྱིས་པ་འཁྲིད་ནས་ཡུལ་སྐོར་བྱེད་ཡུལ་གཙོ་བོ་བཅུའི་སྔོན་གྲས་སུ་ཚུད་པའི་གྲོང་ཁྱེར”ནི་སན་ཡ། ལི་ཅང་། ཀོས་དབྱང་། གཟི་ཚ་སྡེ་དགུ། ཀྲང་ཅ་ཅེ། ཁུན་མེན། ཟི་ལིང་། ཁྲུང་ཆིན། ཞི་ཨན། ཁྲིན་ཏུའུ་བཅས་རེད། ནུབ་རྒྱུད་ཀྱི་ཡུལ་སྐོར་བྱེད་ཡུལ་ལྷག་ཏུ་བྲིན་པ་དང་། ཞིང་ཆེན་གྱི་ནང་ནས་མཚོ་སྔོན་ཨང་རིམ་བདུན་པ་དང་གྲོང་ཁྱེར་གྱི་ནང་ནས་ཟི་ལིང་ཨང་བདུན་པ་རེད།

དབྱར་གནང་གི་སྐབས་ནི་མཚོ་སྔོན་ལ་མཚོན་ན་ཆེས་མཛེས་པའི་དུས་ཚིགས་ཤིག་ཡིན་པས། ཕ་མ་བུ་ཕྲུག་གི་ཡུལ་སྐོར་དང་མཐར་ཕྱིན་ཡུལ་སྐོར་ཐད་ནས་ཆེས་བཟང་བའི་སྐལ་བ་བསུས། ད་ལོའི་དབྱར་ཁར། མཚོ་སྔོན་གྱིས་ནམ་ཟླ་བསིལ་མོ་དང་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཐེངས་གང་མང་དུ་མི་ཚོགས་ཆེས་མང་བའི་ཡུལ་སྐོར་གྲས་སུ་ཚུད། ཞེ་ཁྲེན་དྲ་བས་ཁྱབ་སྒྲོག་བྱས་པའི《ཞིང་ཆེན་བརྒལ་བའི་ཡུལ་སྐོར་སླར་གསོ་བྱས་པའི་ཟླ་ཕྱེད་ཀྱི་མི་ཚོགས་ཡར་ཞུ》ནང་དུ། མཚོ་སྔོན་དང་ཞིང་ཆེན་ལྟེ་གནས་ཀྱི་ཟི་ལིང་གྲོང་ཁྱེར་གཉིས་སོ་སོར་དགའ་བསུ་ཆེན་པོ་ཐོབ་པའི་ཡུལ་སྐོར་བྱ་ཡུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་གྲས་སུ་ཚུད་ཡོད་ལ། ཞིན་ཧྭ་གཞི་གྲངས་ཀྱིས་ཁྱབ་སྒྲོག་བྱས་པའི《2020ལོའི་ཚ་བྱོལ་གྲོང་ཁྱེར་གྱི་ཨང་རིམ》ནང་དུ། ཟི་ལིང་ལ་ཕྱོགས་བསྡུས་སྟོན་གྲངས80.43ཐོབ་ནས་ཨང་བཅུ་པར་གྱུར་པ་དང་། ཡུལ་སྐོར་པ་རྣམས་ཀྱི་སེམས་ཁོངས་ནས་མོས་པའི་ཚ་བྱོལ་ཡུལ་སྐོར་གྲོང་ཁྱེར་དུ་གྱུར།

གསར་འགོད་པས་བཅར་འདྲི་བྱེད་པའི་ཁྲོད་དུ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ“གནམ་གྲུ+སྒེར་བསྐོར”དང“མྱུར་བགྲོད་མེ་འཁོར+སྒེར་བསྐོར”གྱི་བྱེད་སྟངས་ལ་ཡུལ་སྐོར་པ་རྣམས་ཀྱིས་ལྷག་ཏུ་དགའ་བསུ་ཐོབ་བཞིན་ཡོད། ཞིང་ཆེན་བརྒལ་བའི་ཡུལ་སྐོར་སླར་གསོ་བྱས་པ་དང་བསྟུན་ནས། རང་ཞིང་གི་ཡུལ་སྐོར་ཁེ་ལས་སྣ་ཚོགས་ཀྱི་ལས་ཀ་པ་རྣམས་ཀྱིས་མྱུར་དུ་ཡུལ་སྐོར་ལམ་ཐིག་གསར་པ་དང་ཡུལ་སྐོར་ཐོན་རྫས་གསར་པ་ཇུས་འགོད་བྱས་པ་དང་། ཡུལ་སྐོར་ཚོགས་པའི་རླངས་འཁོར་དང་སྣེ་ཤན། ཞག་སྡོད་བཅས་བཀོད་སྒྲིག་བྱས། ད་ལོའི་ཡུལ་སྐོར་པའི་གྲུབ་ཚུལ་ལ་བལྟས་ན། དབྱར་གནང་གི་ཁྱིམ་ཚང་ཡུལ་སྐོར་དང་སློབ་མའི་ཡུལ་སྐོར། ཚ་བྱོལ་ཡུལ་སྐོར། ལྟད་མོའི་ཡུལ་སྐོར་བཅས་ཇེ་མང་དུ་སོང་ཡོད། ཡུལ་སྐོར་པས་བདམས་པའི་ས་ཆར་བལྟས་ན། སྲོལ་རྒྱུན་ལྗོངས་ཁུལ་གྱི་འགུག་ཤུགས་ཉམས་བཞིན་མེད་ལ། ན་གོར་མོ་དང་ཚྭ་འདམ་ཆེ་བ་སོགས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་དུ་མི་ཚོགས་ཀྱིས་བཀང་འདུག་བྲིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།