ཀྲུང་གོ་བོད་ཀྱི་དྲ་འི་འཕྲིན། ཟླ9པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ། ཁོང་ཚོས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་བརྒྱུད་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། ཀྲུང་གོ་གསར་པ་འཛུགས་སྐྲུན་བཅས་ལ་བྱས་རྗེས་འབུལ་མཁན་གྱི་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་སེམས་གཏིང་ནས་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།
བློ་མཐུན་སུང་ཁི་ལིན་དང་ཀྲང་ཀུང་རྣམ་གཉིས་ཀྱི་ཁྱིམ་དུ། ཝང་ཀྲིན་ཧྲིན་གྱིས་ཁོང་ཚོའི་ལུས་པོའི་བདེ་ཐང་གནས་ཚུལ་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་ཞིབ་ཕྲའི་བཀའ་འདྲི་གནང་ཞིང་། ཁོང་ཚོས་འཇར་འགོག་དམག་འཁྲུག་སྐབས་ཀྱི་དཔའ་བོའི་མཛད་རྗེས་ཕྱིར་དྲན་ལ་ནན་ཏན་གྱིས་ཉན་པ་དང་། ཁོང་ཚོས་ཏང་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཁོང་ཚོར་ངེས་པར་ཏུ་གཟུགས་པོར་བདག་སྐྱོང་བྱེད་དགོས་པའི་མངགས་བཅོལ་གནང་བ་མ་ཟད། ཁོང་ཚོ་ཚེ་རིང་ནད་མེད་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས། ཝང་ཀྲིན་ཧྲིན་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ75འཁོར་བའི་ལོ་ཡིན། འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་དམག་འཁྲུག་ལ་ཞུགས་ནས། ཁྲག་དང་མཚོན་ཆའི་ཉེན་ཁ་ལ་མི་འཛེམ་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་པས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བྱེད་པར་བརྩོན་ལེན་བྱེད་ཆེད། ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་ཕུལ་ནས་བླ་ན་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་། དཔའ་ངར་ཞུམ་མེད་ཀྱི་མི་རིགས་སྙིང་སྟོབས་མངོན་པར་བྱས་པས། "ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་། རོགས་འདེགས་ཉེན་རྟོག་པས་དེ་ལ་སློབ་སྦྱོང་དང་རྒྱུད་འཛིན། དར་སྤེལ་གཏོང་འོས་པར་བསྟན།
ཝང་ཀྲིན་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ནན་ཏན་ཞིབ་ཚགས་དང་སྤྲོ་སེམས་འཁོལ་བའི་ངང་ནས་ལས་བྱེད་པ་རྒན་པའི་བྱ་བ་ལེགས་པར་བསྒྲུབས་ཏེ། ཆབ་སྲིད་དང་འཚོ་བའི་ཐད་འཇར་འགོག་གི་འཐབ་འཛིང་པ་རྒན་པ་དང་བློ་མཐུན་རྒན་པ་རྣམས་ལ་ཐུགས་ཁུར་དང་རོགས་རམ་བྱེད་དགོས་པ་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ། ཁོང་ཚོར་ཚེ་མཇུག་གི་འཚོབ་བདེ་ཞིང་སྐྱིད་པར་རོལ་ཏུ་འཇུག་དགོས་པར་བསྟན་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཝང་ཀྲིན་ཧྲིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་འཚམས་འདྲི་གནང་བ།