ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། 2020ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་ཚོགས་ཤིང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།
དབྱང་ཧྥུན་ཁྲོན་གྱིས་མཚོ་སྔོན་གྱི་རིག་གནས་ཐོན་ཁུངས་སྣ་མང་ཅན་དུ་གྱུར་ཡོད་ལ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་རྒྱ་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ། དགེ་མཚན་མངོན་གསལ་དོད་པོ་ཡོད་པ་རེད། ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་འཛིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་རེ་འདུན་བཅོལ་ས་དང་གཙོ་གནད་བཅོལ་ས་ཡིན། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་། རྒྱུ་རྐྱེན་ཚང་མ་དང་། ཁྱབ་ཁོངས་མང་བ། ཕན་ནུས་ཆེ་བ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། རིག་གནས་ཀྱི་བསམ་བློ་ལ་བརྟེན་ནས་ནན་ཏན་གྱིས་ཡུལ་སྐོར་ལ་ཁྲིད་སྟོན་བྱེད་པ་དང་། ཡུལ་སྐོར་བྱེད་སྟངས་ལ་བརྟེན་ནས་རིག་གནས་འཕེལ་རྒྱས་གཏོང་བ། རིག་གནས་ཁྱབ་ཁོངས་ནས་བུད་ནས་རིག་གནས་ལ་ལྟ་བ། ཡུལ་སྐོར་ཁྱབ་ཁྱོངས་ནས་བུད་ནས་ཡུལ་སྐོར་ལ་ལྟ་བ་བྱེད་དགོས་པར་བསྟན།
ཐེངས་འདིའི་གླེང་སྟེགས་ནི་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་གཙོ་གཉེར་བྱས་ལ། “གསར་གཏོད་དང་། གཅིག་གྱུར་འཆར་འགོད། མཉམ་འདྲེས། མཉམ་སྤྱོད”བཅས་བརྗོད་དོན་གཙོ་བོར་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་རིམས་ནད་ཀྱི་རྒྱབ་ལྗོངས་འོག་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་ཀྱིས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་རྒྱུ་དེ་རེད། གླེང་སྟེགས་ཀྱིས་རིག་གནས་ཡུལ་སྐོར་པུའུ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་མི་དམངས་སློབ་ཆེན་སོགས་སྡེ་ཁག་གི་ཆེད་མཁས་པ་དང་རིག་གནས་པ་གདན་དྲངས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས། ཐོན་རྫས་བཅས་ཀྱི་ལམ་ཐིག་འོས་སྦྱོར་ངོ་སྤྲོད་བྱས་ཤིང་། མདོ་ལ་རིང་མོའི་ཡུལ་སྐོར་ལམ་ཐིག་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་ཙོང་ཆུའི་རིག་གནས་ཡུལ་སྐོར་ལམ་ཐིག རེབ་གོང་སྒྱུ་རྩལ་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་ལམ་ཐིག་སོགས་སྒེར་འཁོར་ལམ་ཐིག9ཁྱབ་བསྒྲགས་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
2020ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་ཚོགས་པ།