ཝང་ཅན་ཅོན་དང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་འཐབ་ཕྱོགས་དང་པོའི་དགེ་རྒན་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། དགེ་རྒན་དུས་ཆེན་ཐེངས36པ་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འཐབ་ཕྱོགས་དང་པོའི་དགེ་རྒན་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་དགེ་རྒན་དང་སློབ་གསོའི་ལས་དོན་སྒྲུབ་མཁན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ཝང་ཅན་ཅོན་ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་བཅུ་བཞི་པར་ཕེབས་ནས། སློབ་གྲྭའི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་མ་ཟད། སློབ་གྲྭའི་རྣམ་པ་དང་སློབ་ཁྲིད་ཁོར་ཡུག་ལ་གཟིགས་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིནདང་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་ཞིང་། དགེ་རྒན་གྱི་འཐུས་མི་དང་གླེང་མོལ་བྱས་ནས་ཁོང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ། ལས་གནས་བརྟན་སྲུང་དང་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅན་ཅོན་གྱིས་ཏང་དང་སྲིད་གཞུང་གིས་སྔ་མོ་ནས་བཟུང་སློབ་གསོའི་ལས་དོན་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། སྔ་མོ་ནས་ཀུན་སྤྱོད་དང་ཤེས་རིག  ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་གང་མང་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་རེད། ད་ལོའི་དགེ་རྒན་དུས་ཆེན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གིས་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པའི་རེ་བ་བཏོན་པ་རེད། དུས་རབས་གསར་པའི་མི་དམངས་དགེ་རྒན་ཞིག་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བྱ་སྤྱོད་དངོས་ཀྱི་ཁྲོད་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ནི། ངེས་པར་ཏུ་ལན་གདབ་དགོས་པའི་དྲི་གཞི་ཞིག་ཡིན་པར་གསུངས། 

ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་སློབ་འབྲིང་གཉིས་པར་ཕྱིན་ནས་དགེ་རྒན་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་་ལ། སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཟ་ཁང་། སློབ་གྲྭ་སོགས་ལ་ལྟ་ཞིབ་བྱས་པ་མ་ཟད། སློབ་གྲྭའི་འཛུགས་སྐྲུན་དོ་དམ་དང་སློབ་ཁྲིད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ནས། མཚོ་ཤར་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་མེ་ཏོག་ཕུལ་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་མཐོང་ཆེན་གནང་གིན་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་བཅོས་དང་དགེ་རྒན་གྱི་ཐོབ་ཐང་མཐོ་རུ་གཏོང་བའི་ཐད་ལས་ཀ་མང་པོ་བསྒྲུབས་ཡོད་པས། སློབ་གསོའི་ཐད་མ་དངུལ་འཇོག་གྲངས་མུ་མཐུད་དུ་ཇེ་མང་དུ་གཏོང་བ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་བརྒྱའི་ཇུས་ཆེན་ལ་སློབ་གསོ་རྩ་བར་འཛིན་པ་དང་། སློབ་གསོའི་ཇུས་ཆེན་ལ་དགེ་རྒན་རྩ་བར་འཛིན་དགོས། རྒྱ་ཆེའི་དགེ་རྒན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་འཛིན་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བར་དམིགས་ནས་དུས་རབས་གསར་པར་མཚོ་སྔོན་གྱི་སློབ་གསོའི་བྱ་གཞག་སྤུས་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་ཞའོ་དང་ཡུས་ཚུང་ལི། དབྱང་ཀྲི་ཝུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།