ཀྲུང་གོའི(མཚོ་སྔོན)དབུལ་པོའི་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྤུས་རྟགས་འོས་སྦྱོར་ངོ་སྤྲོད་གྲོས་མོལ་ཚོགས་འདུ་དང་དྲ་ཐོག་ཚོང་དོན་དབུལ་སྐྱོར་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས7ཉིན། ཀྲུང་གོའི(མཚོ་སྔོན)དབུལ་པོའི་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྤུས་རྟགས་འོས་སྦྱོར་ངོ་སྤྲོད་གྲོས་མོལ་ཚོགས་འདུ་དང་དྲ་ཐོག་ཚོང་དོན་དབུལ་སྐྱོར་མཚོ་སྔོན་དུ་སྐྱོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་པ་དང་ཧྲིན་ཀྲང་གཞོན་པ་དབྱང་ཧྥུང་ཁྲུན་དང་ཚོང་དོན་པུའི་དྲ་ཐོག་ཚོང་དོན་དང་ཆ་འཕྲིན་ཅན་སིའི་སི་ཀྲང་ཆན་ཧྥང་ལི་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་ཕུལ་བ་རེད།

དབྱང་ཧྥུང་ཁྲུན་གྱིས་ཤིས་ཚིག་ཕུལ་སྐབས་གསུང་དོན། ད་རེས་ཀྱི་བྱེད་སྒོ་ནི2020ལོའི་མཚོ་སྔོན་གྱི་སྣོད་བཅུད་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་ཞིག་དང་། ཞིང་ཆེན་དང་པུའུ་ཡི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རམ་འདེགས་བྱེད་པའི་གསར་གཏོད་བྱ་ཐབས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་ཡོད། “སྣོད་བཅུད་མཚོ་སྔོན། ལྗང་མདོག་ཞིང་འབྲོག”གི་སྤུས་རྟགས་བཏོད་དེ་སྣོད་བཅུད་དང་། ལྗང་མདོག སྐྱེ་ལྡན། བདེ་ཐང་བཅས་ཀྱི་ཞིང་ལས་ཐོན་རྫས་འབོར་ཆེན་ཞིག་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་ཡོད། ཚོང་དོན་པུའུ་ཡི་ཤུགས་ཆེའི་རྒྱབ་སྐྱོར་འོག ཀྲུང་གོའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་མནའ་འབྲེལ་དང་མཚོ་སྔོན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཁེ་ལས་དབར་ཡུན་རིང་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་བཙུགས་ཡོད། དྲ་ཐོག་དྲ་ཕྱིའི་མཉམ་འདྲེས་ལས་སྟེགས་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དེ་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཆན་ཧྥང་ལི་ཡིས་བསྟན་དོན། ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་མནའ་འབྲེལ་རྩ་འཛུགས་ཞིབ་ཚགས་བྱས་ནས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་མཉམ་དུ་འོས་སྦྱོར་ངོ་སྤོད་གྲོས་མོལ་གྱི་བྱེད་སྒོ་སྤེལ་བ་ནི་ས་ཁུལ་དབུལ་པོ་ནས་ཡོང་བའི་ཞིང་ལས་ཐོན་རྫས་དེ་བས་མང་པོ་སྔོག་འདོན་དང་། ཁྱབ་གདལ་བཏང་སྟེ། ཁོང་ཚོར་གློག་རྡུལ་ཚོང་དོན་ཅན་དང་སྤུས་རྟགས་ཅན་གྱི“ཐོག་མའི་འགག་གནད”ཤར་གཏོང་དང་། གྲོང་ཁྱེར་དང་དུད་ཚང་དུ་སྐྱོད་པའི“མཐའ་མའི་འགག་གནད”ཤར་གཏོང་བྱེད་རོགས་བྱས་པ་རེད་ཅེས་བསྟན་པ་རེད། 

བྱེད་སྒོ་སྤེལ་ཡུལ་དུ། ཀྲུང་གོའི་དྲ་ཐོག་ཚོང་དོན་དབུལ་སྐྱོར་མནའ་འབྲེལ་གྱི་ཁོངས་མིས་མཚོ་སྔོན་གྱི་ཁེ་ལས་ཁག་གཅིག་བར་ཉོ་སྒྲུབ་དང་། འཐབ་ཇུས་མཉམ་ལས། དེ་བཞིན་ལས་སྟེགས་བཅའ་སྡོད་སོགས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་དང་། དངུལ་འབོར་སྒོར་ཁྲི7000ཙམ་ཟིན་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོ་ཟླ9ཚེས11ཉིན་བར་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།