མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོ་20སླར་ཡང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོར་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོ་20དེའི་ཁྲོད་བདམས་ཐོན་བྱུང་ཡོད།

གསར་འགོད་པས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ནི་རིག་གནས་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཐུན་མོང་ཐོག་འདེམས་སྒྲུག་བྱས་པ་ཞིག་རེད། བདམས་ཐོན་བྱུང་བའི་གཙོ་གནད་གྲོང་ཚོར་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགོས་མཁོ་སྐོང་བ་དང་། རང་བྱུང་སྐྱེ་ཁམས་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཅུང་ལེགས་པ། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་འཕེལ་རྒྱས་ལེགས་པ། ཡུལ་སྐོར་ཐོན་རྫས་མ་ལག་འཐུས་ཚང་དང་སྤུས་ཚད་མཐོ་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་བ་ཡོད་པ་མ་ཟད། ལས་ཞུགས་ཕྱུག་འགྱུར་གྱི་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པ་སོགས་ཀྱི་ཆ་རྐྱེན་འཛོམས་དགོས་པ་རེད།

དེའི་ནང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་མིང་ཐོའི་ནང་ཚུད་པའི་ཤང་གྲོང་དུ་མིན་ཧོ་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀུའུ་ཡན་གྲོང་རྡལ་ཧྲན་ཀྲོང་གྲོང་ཚོ་དང་། གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོ། ཧོང་ཡོན་རྫོང་ཧི་ཕིན་ཤང་ཀའོ་ལིན་གྲོང་ཚོ། མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་ཞེན་མིས་ཤང་ཆའོ་ཐན་གྲོང་ཚོ། ཀྲུའུ་ཀོའུ་ཤང་ཏུང་ཞུའུ་གྲོང་ཚོ། ཧོང་ཀྲུང་ཆུས་ལམ་ལུང་གྲོང་རྡལ་ཁ་དབྱང་གྲོང་ཚོ། ཁྲི་ཀ་རྫོང་དཀར་བརྗིད་ཤང་སུམ་པ་གྲོང་ཚོ། ཧོང་ཀྲུང་ཆུས་ལིས་ཅ་ཧྲན་གྲོང་རྡལ་ལིའུ་ཧྲུའུ་ཀྲོང་གྲོང་ཚོ་སོགས་ཀྱི་གྲོང་ཚོ་20ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོ28རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོའི་གྲས་སུ་བདམས་ཡོད་པ་རེད།

ད་ལྟ་གྲོང་གསེབ་ཡུལ་སྐོར་དེ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྤྲོ་གསེང་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མཛེས་སྡུག་ལྡན་པའི་ཞིང་གྲོང་དང་ཞིང་གྲོང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དེ་སྔོན་ཆད་གང་སར་ཁྱབ་པས་ད་ལྟ“གྲོང་ཚོ་རེར་ཐོན་རྫས་རེ”ཡོད་པ་རེད། ཚ་གཡོལ་སྤྲོ་གསེང་དང་། བདེ་བསྟེན་ཁམས་གཡེང་། རི་ཁུལ་ཕྱིར་སྐྱོད། ཚོང་དོན་འགྲེམས་སྟོན། རླངས་འཁོར་སྒར་སྡོད། ཞིབ་འཇུག་ཡུལ་སྐོར། རྒན་རྒོན་ཡུལ་སྐོར་སོགས་སྣ་མང་ཅན་གྱི་ཡུལ་སྐོར་ལས་རྣམ་གསར་པར་འཕེལ་བས་གྲོང་གསེབ་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་བྱེད་གནས་དོ་དམ་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ལྟ་སྐུལ་དང་ཕྱིར་འཐེན་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་བྱེད་གནས་དེ་ཞབས་ཞུའི་སྤུས་ཚད་དང་། ཐོན་རྫས་ཀྱི་སྤུས་ཚད། དོ་དམ་ཆུ་ཚད་སོགས་ཀྱི་ཐད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས་དེ་བས་མང་པོ་བཙུགས་ཏེ། ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།