ཅང་སུའུ་དང་མཚོ་སྔོན་གཉིས་ཀྱིས་ཚོང་དོན་འཁོར་རྒྱུག་མཁོ་འདོན་འབྲེལ་མཐུད་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9པའི་ཚེས6ཉིན། ཅང་སུའུ་ཡི་སྐུ་མགྲོན་གཙོ་བྱས་པའི་ཞིང་ཆེན་གྱི་རིམ་སྤེལ་བྱེད་སྒོའི་གྲས་ཀྱི་“ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ཚོང་དོན་འཁོར་རྒྱུག་མཁོ་འདོན་འབྲེལ་མཐུད་ཚོགས་འདུ”གཉེར་བ་དེས། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁེ་ལས་ཀྱིས་ཐུན་མོང་ཐོག་ཚོང་ལས་གོ་སྐབས་དོན་གཉེར་དང་མཉམ་ལས་བྱེད་པར་ལས་སྟེགས་བསྐྲུན་པ་དང་། འདིས་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་རིམ་པ་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།

སྦྲེལ་མཐུད་ཚོགས་འདུའི་ཐོག་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་གཙོ་གནད་ཚོང་དོན་འཁོར་རྒྱུག་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་ཁྱད་ལྡན་ཐོན་ལས་དང་ལེགས་ལྡན་ཐོན་རྫས་འོས་སྦྱོར་ངོ་སྤྲོད་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་། མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཅས་ཀྱིས་ཅང་སུའུ་ཧོས་ཧུང་རྒྱལ་སྤྱིའི་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་དང་། སུའུ་ཉིན་མ་རྐང་ཚོད་འཛིན་སྡེ་ཚོགས་ལན་ཀྲོའུ་ཁུལ་ཆེན། ཅང་སུའུ་ཞིང་ཆེན་འབྲུ་སྣུམ་ཟས་རིགས་ཕྱིར་གཏོང་ནང་འདྲེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཞིང་ཆེན་གཉིས་ཀྱི་ལས་གཞིའི་རྣམ་གྲངས་ལ་མིང་རྟགས་བཀོད་ནས། ཕྱོགས་གཉིས་པོའི་ཁེ་ལས་ཀྱི་འཐུས་མིས་རེ་རེ་བཞིན་གཏམ་བཤད་གནང་བ་དང་འབྲེལ་ངོ་འཕྲད་གྲོས་མོལ་ཡང་གནང་བ་རེད།ན

ཅང་སུའུ་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲུའུ་དབྱི་མིན་གྱིས་ད་ཐེངས་ནི་འབྲེལ་མཐུད་ཚོགས་འདུ་ཡིན་ལ། ཅང་སུའུ་དང་མཚོ་སྔོན་ཚོང་དོན་སྡེ་ཁག་གིས་གཅིག་གྱུར་གྱིས་འཁོར་རྒྱུག་གཉིས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཀྱང་ཡིན་པ་མ་ཟད། ཞིང་ཆེན་གཉིས་ཀྱི་ཁེ་ལས་ལ་ལས་སྟེགས་བསྐྲུན་པ་དང་། ཐབས་ལམ་གསར་གཏོད། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན་པས། ཞིང་ཆེན་གཉིས་ཀྱིས་དགེ་མཚན་ལྡན་པའི་ཐོན་ཁུངས་མཉམ་སྤྱོད་དང་། ཐུན་མོང་ཐོག་དཔལ་འབྱོར་འཕེལ་རྒྱས། ཁ་གཏད་རོགས་སྐྱོར་གྱི་ཆུ་ཚད་བཅས་སྔར་ལས་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀིན་ཧུང་ཀྲོའུ་ཡིས། མཚོ་སྔོན་ནི་མ་འཇོག་ཁེ་ལས་འཕེལ་བའི་ས་རྒྱུ་གཤིན་པོ་ཞིག་ཡིན་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེན་པོ་མཆིས་པས། ཞིང་ཆེན་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། ཚོང་ལས་ཀྱི་གོ་སྐབས་འཚོལ་བ། མཉམ་ལས་ཀྱི་དགོས་འདུན་འགྲུབ་པ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།