རྒྱུད་གཅིག་ལམ་གཅིག་སྐྱེ་ཁམས་ཐོན་ལས་མཉམ་ལས་འཕེལ་རྒྱས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་6ཉིན། རྒྱུད་གཅིག་ལམ་གཅིག་སྐྱེ་ཁམས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་གྲོས་ཚོགས་ཟི་ལིང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཀྲུང་གོའི་ཚོང་ལས་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲིན་ཅན་ཨན། ཚོང་དོན་པུའུ་ཕྱི་ཚོང་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་ཝུའུ་ཀྲིན་ཕིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

དབྱང་ཧྥིན་ཁྲུན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། སྐྱེ་ཁམས་ཐོན་ལས་ནི་མཚོ་སྔོན་གྱིས་བཙོག་མེད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གཞོགས་འདེགས་གལ་ཆེན་ཞིག་ཡིན་པ་མ་ཟད། མཚོ་སྔོན་གྱི་མ་འོངས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱེད་པ་རྒྱུན་འཁྱོངས་དང་། དཔལ་འབྱོར་སྤྱི་ཚོགས་བཙོག་མེད་དང་ཁོར་སྲུང་། ཐན་ཉུང་། ནུས་ཁུངས་གྲོན་ཆུང་གི་ཕྱོགས་སུ་འཕེལ་རྒྱས་སྐུལ་འདེད་བཏང་། ང་ཚོས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ། སྐྱེ་ཁམས་རིན་ཐང་ནས་མི་ཆོས་རིན་ཐང་དང་། དཔལ་འབྱོར་རིན་ཐང་། འཚོ་བའི་རིན་ཐང་ནས་ཟོང་རྟགས་རིན་ཐང་དུ་བསྒྱུར་བ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ། མཉམ་ལས་དང་འཕེལ་རྒྱས་ཀྱི་འཕར་བསྣོན་གསར་བ་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་མ་འོངས་པ་གསར་བ་ཞིག་གསར་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཅེས་བསྟན། 

ཁྲིན་ཅན་ཨན་གྱིས་བསྟན་དོན། མཚོ་སྔོན་གྱི་ཉེ་བའི་ལོ་འདི་དག་གི་རིང་ལ་སྐྱེ་ཁམས་སྔོན་ལ་བྱེད་པ་དང་། བཙོག་མེད་འཕེལ་རྒྱས་ཁ་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ཤིང་། ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུ་དང་གྲོས་ཚོགས་འདི་གཉིས་མཚོ་སྔོན་དང་རྒྱལ་ཁབ་སོ་སོའི་བར་སྐྱེ་ཁམས་ཐོན་ལས་མཉམ་ལས་ལ་གོ་སྐབས་གསར་བ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཡོད་ཅེས་བསྟན།

གྲོས་ཚོགས་སྟེང་རྒྱལ་ཁབ་ཁ་ཤས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་སྡེ་ཁག་གི་འཐུས་ཚབ་པས་གཏམ་བཤད། གྲོས་ཚོགས་ཀྱིས་མཉམ་ལས་སྒྲིག་གཞིའི་གྲོས་གཞི་2སྟེང་མིང་རྟགས་བཀོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།