མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་བསྡུས་ཤིང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཀྲང་ལིས་ཀྱིས་བརྗོད་དོན།  མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་དང་། ས་ཁམས་ཀྱི་ཆ་རྐྱེན་ལ་ཁྱད་གཤིས་ལྡན་པ། སྐྱེ་ཁམས་ཁོར་ཡུག་སྣ་མང་ཡིན་པ། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཕུགས་བསམ་གྱི་གནས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། “རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་”འདུ་ཤེས་བརྟན་པོར་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བར་མཐའ་འཁྱོངས་བྱས་ཤིང་། རྒྱལ་ཁོངས་ཁྱབ་ཁོངས་གསར་སྤེལ་གྱི་བཀོད་པ་རྒྱུན་མཐུད་ལེགས་སྒྱུར་དང་། ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་ནུས་ཁུངས་གཙང་མའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་རེས་འཁོར་བེད་སྤྱོད་བྱེད་པར་སྐུལ་འདེད། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ། ལྗང་མདོག་དང་གྲུབ་ཆ་ལེགས་པའི་འཐབ་ཇུས་རང་བཞིན་གྱི་སྐྱེ་ཁམས་ཐོན་ལས་སྐོར་ཅིག་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད། ད་ཐེངས་ཀྱི་གླེང་སྟེགས་སྟེང་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པའི་ལས་སྟེགས་བསྐྲུན་ཡོད་པས། ང་ཚོས་གླེང་སྟེགས་ཀྱི་གྲུབ་འབྲས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་དང་། གསར་གཏོད་འཚོལ་ཞིབ་ཀྱིས་རང་བྱུང་གི་ལེགས་ཆ་དང་སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་བསྟན།

    གླེང་སྟེགས་སྟེང་ཝང་ཀོང་ཆན་དང་། ཏིན་མིང་ཅང་། ཀྲའོ་ཞིན་ཆོན། ཧོང་ཡའོ་ཧྥའེ། ལིག་ཧྲུའུ་ཅེ། མ་ཡུས་ཧྲིག་སོགས་རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་དང་མཁས་དབང་གྲགས་ཅན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། བསམ་ཕྱོགས། ལས་འགན། བྱ་ཐབས་སོགས་ལ་དམིགས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རིག་གཞུང་སྙན་ཞུ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།